འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་21ཉིན།

༄༅།།“ཁེར་ཆགས་གླིང་ཕྲན”སྲུང་མཁན་དཔོན་དམག་ཚོར། བརྩེ་བས་ཁེངས་པའི་ལོ་གསར་མཁོ་
ཆས་བསྐྱལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་21ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་བོད་དམག་ཁུལ་ཁང་ཏང་ཨུད་ཀྱིས་དམག་ཁུལ་ཁང་གི་སྐམ་དམག་མཁའ་འགྲུལ་ལུའེ་ཤོག་ཅིག་གི་ཐད་འཕུར་གནམ་གྲུ་གཉིས་ཐེངས་དྲུག་འཕུར་སྐྱོད་བྱས་ཏེ་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་ལ་གཞོགས་འདེགས་བྱས་ནས“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”གྱི་དཔོན་དམག་ཚོར་ཚགས་ཤ་ལུག་ཤ་དང་སྔོ་ཚལ་དང་ཤིང་ཏོག་སོས་པ་སོགས་ལོ་གསར་གྱི་མཁོ་ཆས་མཁའ་ཐོག་ནས་དབོར་ཏེ་སོ་ལྟ་ཁང་གི་དཔོན་དམག་ཚོ་སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་ཐུབ་པ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
     ཉེ་ཆར། ཐད་འཕུར་གནམ་གྲུ་གཉིས་ཀྱིས་ལོ་གསར་མཁོ་ཆས་བླུགས་ཏེ་གངས་རི་དང་གྲོག་རོང་བརྒལ་ནས་དཔོན་དམག་ཚོས་སྐབས་འཕྲལ་དུ་བཟོས་པའི་གནམ་གྲུ་འབབ་སར་བདེ་འཇགས་ངང་བབས་པ་དང་། “ལུག་གསོན་པོ་འདུག”“ད་དུང་ང་རང་དགའ་བའི་རྒུན་འབྲུམ་ཡང་འདུག”ཅེས་དཔོན་དམག་ཚོས་དགའ་སྤྲོའི་ངང་ལོ་གསར་མཁོ་ཆས་དབོར་བཞིན་ས་མཐོའི་སྨུག་ཕྱིའི་འོད་ཀྱིས་སྨུག་པོར་གྱུར་བའི་ངོ་གདོང་རེ་རེ་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།
      དཔོན་དམག་ཚོ་ལོ་གསར་མཁོ་ཆས་སྣ་ཁ་འཛོམས་པོ་ཡོད་པར་དགའ་ཚོར་བྱེད་བཞིན་པའི་སྐབས་སློབ་སྟོན་པ་ཡན་ཧྲི་ཧའོ་ཡིས་གློ་བར་དུ་བསྡུ་འཛོམས་ཀྱི་བརྡ་བཏང་སྟེ་གངས་རིའི་སོ་ལྟ་ཁང་གི་དཔོན་དམག་ཚོར་ཆེད་དུ་འཆར་འགོད་བྱས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་འགོ་ཚུགས་པ་རེད།
     གངས་ཆེན་བབས་པའི་དབང་གིས་སོ་ལྟ་ཁང་གི་དཔོན་དམག་ཚོ་ཚན་པའི་ལོ་འཁོར་གཟེངས་བསྟོད་ཚོགས་འདུར་ཞུགས་ཐུབ་མེད། གོང་རིམ་ནས་ཐད་འཕུར་གནམ་གྲུ་མངགས་ཏེ་ལོ་གསར་མཁོ་ཆས་དབོར་རྒྱུ་ཡིན་པ་ཤེས་རྟོགས་བྱུང་འཕྲལ་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་འགོ་ཁྲིད་ཀྱིས་མཁའ་ཐོག་ནས“བསམ་པའི་རྒྱགས་ཕྱེ”དབོར་ཏེ་སྤྲོད་རྒྱུའི་བསམ་བློ་འཁོར། ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཤོག་ཅིག་གི་ཆབ་སྲིད་ཨུ་ཡོན་ཞེ་ཞའོ་ཀོང་ཆེད་མངགས་ཐད་འཕུར་གནམ་གྲུར་བསྡད་དེ་ཐེངས་འདིའི་ཐུན་མོང་མ་ཡིན་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྒྲིག་འཛུགས་བྱས་པ་རེད།
     “བྱ་དགའ་རིམ་པ་གསུམ་པ་ཐོབ་མཁན་ཧོ་ཅན”“ཕུལ་བྱུང་གི་གཞི་རིམ་ལས་བྱེད་པའི་བྱ་དགའ་ཐོབ་མཁན་ཉེ་ཧོན”“ཕུལ་བྱུང་འོས་འགན་དམག་གི་བྱ་དགའ་ཐོབ་མཁན་ཝུའུ་ཅ་ཧའོ”སོགས་ཀྱི་མིང་སྐད་གསང་མཐོན་པོས་འབོད་པའི་སྒྲ་དག་གངས་རིའི་རྒྱུད་དུ་བྲག་ཅ་འཁོར་ཞིང་དཔོན་དམག་ཚོའི་སྙིང་སྟོབས་རབ་ཏུ་འཕེལ།
       དམག་མིའི་བྱས་རྗེས་གཟེངས་རྟགས་ཐེངས་དང་པོ་ཐོབ་པར་འདི་ལྟ་བུའི་མཛད་སྒོ་གཉེར་བ་དང་སྐབས་འཁེལ་བས་ཧོ་ཅན་སེམས་འགུལ་ཆེན་པོ་ཐེབས་ཏེ་ལག་གཉིས་ཀྱིས་གཟེངས་རྟགས་དམ་པོར་བཟུང་ནས“ངས་སྔར་བས་འབད་བརྩོན་བྱས་ཏེ་གཟེངས་རྟགས་འདིར་དེ་བས་མཛེས་སྡུག་ལྡན་པའི་གཟི་མདངས་བསྣན་རྒྱུ་ཡིན”ཞེས་བརྗོད།
      དཀའ་ཚེགས་ཆེ་བའི་གངས་ལྗོངས་མཐའ་སྲུང་ལས་གནས་སུ་བསམ་པའི་སྟོབས་ཤུགས་ཀྱིས་དཔོན་དམག་ཚོའི་བློ་ཡིད་དེ་བས་ཚིམ་ཞིང་སེམས་ལ་བདེ་སྐྱིད་ཡོང་གི་ཡོད། ཐེངས་འདིར་ཐད་འཕུར་གནམ་གྲུ་བཏང་ནས་གངས་རིའི་སོ་ལྟ་ཁང་དུ་ཡོང་དོན་ནི་ཐུན་མོང་མ་ཡིན་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་རྒྱུ་ཕུད། ད་དུང་ཐུན་མོང་མ་ཡིན་པའི་ལོ་གསར་མཁོ་ཆས་ཏེ། མཐའ་སྲུང་ཐོན་ཤོག་གིས་དཔོན་དམག་རེར་གྲ་སྒྲིག་བྱས་པའི་འོད་སྡེར་རེ་ཡོད།
      འདི་ནི་མཐའ་སྲུང་ཐོན་ཤོག་གིས་མཐའ་སྲུང་དཔོན་དམག་ཚོའི་ནང་མི་དང་གྲོགས་པོ་རེ་རེར་འབྲེལ་བ་བྱས་ཏེ་ཁོང་ཚོར་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བརྙན་ལམ་བཟོས་པ་ཞིག་རེད། “བུ། ནང་མི་ཚང་མ་བདེ་པོ་ཡིན་པས་རང་བློ་བདེ་པོས་དཔུང་སྡེར་ལས་ཀ་ཡག་པོ་བྱེད་རོགས”འཐབ་འཛིང་པ་ཙའུ་ཅེས་འོད་སྡེར་ནས་ལོ་གསུམ་རིང་མ་ཐུག་པའི་པཱ་ལགས་མཐོང་དུས་རང་དབང་མེད་པར་པཱ་ལགས་ལ་དམག་མིའི་གུས་འདུད་ཅིག་ཞུས་ཏེ་སྐད་གསང་མཐོན་པོས“པཱ་ལགས། ཐུགས་བློ་བདེ་པོ་གནང་རོགས། ངས་འབད་བརྩོན་བྱེད་ངེས་ཡིན”ཞེས་བརྗོད།
     “མཐའ་མཚམས་སྲུང་བར་དཀའ་ཚེགས་ཆེ་ཡང་གོང་རིམ་ལས་ཁུངས་དང་ནང་མིའི་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པས་དཀའ་ལས་རྒྱག་རིན་ཡོད་པ་ཞིག་རེད། མེས་རྒྱལ་གྱི་ཆེད་དུ་སོ་ལྟ་བྱེད་པ་ནི་བདེ་སྐྱིད་ཆེས་ཤོས་ཤིག་རེད”ཅེས་ཅང་དབན་ཧྥེ་ཡིས་བརྗོད།