འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་20ཉིན།

༄༅།།པེ་ཅིང་ནས་དཔེ་གསར་ཅན་གྱི་ཏོག་དབྱིབས་གློ་ཚད་ནད་དཔེ་གཉིས་གཏན་འཁེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་20ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་20ཉིན། པེ་ཅིང་གྲོང་ཁྱེར་ཏ་ཞིན་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་པོད་འཕྲིན་ནས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། ཏ་ཞིན་ཁུལ་དུ་ཏོག་དབྱིབས་ནད་དུག་དཔེ་གསར་ཅན་འགོས་པའི་གློ་ཚད་ནད་དཔེ་གཉིས་གཏན་འཁེལ་བྱུང་ཡོད། ནད་ཐོག་ནད་རྟགས་དང་མཆེད་ནད་རིག་པའི་བརྟག་དཔྱད་བྱས་པར་གཞིགས་ཤིང་། ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་བཤེར་དང་མཁས་དབང་ཚོ་ཆུང་གིས་དཔྱད་དཔོག་བྱས་པ་བརྒྱུད། ཏ་ཞིན་ཁུལ་གྱི་སྨན་བཅོས་སྡེ་ཁག་དུ་སྨན་བཅོས་བྱས་པའི་ཝུའུ་ཧན་དུ་བསྐྱོད་མྱོང་བའི་ཚ་རྒྱས་པའི་ནད་པ་གཉིས་ནི་ཏོག་དབྱིབས་ནད་དུག་དཔེ་གསར་ཅན་འགོས་པའི་གློ་ཚད་ནད་དཔེ་གཉིས་ཡིན་པ་གཏན་འཁེལ་བྱས་ཡོད།
     ནད་པ་གཉིས་ཀ་ད་ལྟ་གནས་གཏན་འཁེལ་གྱི་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད་ཅིང་། མིག་སྔར། དབུགས་ལམ་མི་བདེ་བའི་ནད་རྟགས་མེད་པས་གནས་ཚུལ་བརྟན་འཇགས་ཡིན་པ་རེད། ཏ་ཞིན་ཁུལ་གྱིས་ནད་པ་གཉིས་ལ་འབྲེལ་བ་ཟབ་མོ་བྱས་མྱོང་མཁན་ལ་གསོ་རིག་གི་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། མིག་སྔར། ཚ་བ་རྒྱས་པ་སོགས་ནམ་རྒྱུན་དང་མི་འདྲ་བའི་གནས་ཚུལ་བྱུང་མི་འདུག