འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་20ཉིན།

༄༅།།“གངས་རིའི་ཁྲོད་ཀྱི་ཨ་ཁུ་ཡུས་ཀུང”

—— གངས་རིའི་ལམ་གཏོད་དཔའ་བོ་ཐའོ་ཀྲེན་ཧྭ་ལ་རྗེས་དྲན་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་20ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      གངས་རི་ཤང་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དུ་ཡོད་པ་དང་། དེ་གའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཟིན་པའི་ཁར། ད་དུང་རི་མཐོ་ལ་གཡང་གཟར་བས་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་བར་རླངས་འཁོར་ཤར་གཏོང་ཐུབ་མེད་ཅིང་། ཡུལ་དེ་གའི་མང་ཚོགས་ཕྱི་རོལ་ཡུལ་དང་འབྲེལ་འདྲིས་མེད་པར་་གནམ་ཆུར་བརྟེན་ནས་འཚོ་ཐབས་བྱས་པ་རེད།
     ད་ཆ། གངས་རི་ཤང་བར་མྱུར་བགྲོད་གཞུང་ལམ་བསྐྲུན་པ་དང་། ཁྱིམ་ཚང་མང་ཆེ་བ་སྡོད་ཁང་གསར་པར་སྤོས་པ་མ་ཟད་ད་དུང་རླངས་འཁོར་ཉོས་ནས་འཚོ་བ་ཡག་པོ་སྐྱེལ་བཞིན་ཡོད་པ་རེད།
      1973ལོར། ཧྲན་ཤིས་ནས་ཡིན་པའི་ཨ་འགོག་ཁྲའོ་རོགས་དམག་འཐབ་ལ་ཞུགས་མྱོང་བའི་དམག་མི་རྒན་གྲས་ཐའོ་ཀྲེན་ཧྭ་སྐབས་དེའི་རྨ་ཆེན་རྫོང་གངས་རི་ཀུང་ཧྲེར་ཡོང་ནས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་ཁུར་བ་རེད། དེ་གར་ཐེངས་དང་པོར་ཡོང་སྐབས། ཁོང་གིས་ཡུལ་མི་ཚོར་རི་ཁུག་ཕྱིར་སྐྱོད་པའི་གཞུང་ལམ་ཞིག་བསྐྲུན་རྒྱུའི་སེམས་ཐག་བཅད་པ་རེད།
     1975ལོའི་ཟླ་5ཚེས་1ཉིན། ཐའོ་ཀྲེན་ཧྭ་ཡི་སྣེ་ཁྲིད་འོག འབྲོག་པ་40ལྷག་གིས་ཕྱུགས་འཚོ་རྒྱུ་བཞག་ནས་དགོང་ཕྱི་ཉལ་དང་ཞོགས་སྔ་ལངས་ཀྱིས་ལམ་བཟོའི་ལས་ལ་ཞུགས་པ་རེད། མ་དངུལ་དང་སྒྲིག་ཆས། ལག་རྩལ་བཅས་མེད་པར་མི་ཤུགས་ཁོ་ནར་བརྟེན་ནས་གཞུང་ལམ་བཟོ་དགོས་པའི་གནས་སྟངས་འོག ཁོང་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱིས“ལམ་བཟོའི་དམག་འཐབ”ཅིག་རྒྱག་འགོ་ཚུགས་པ་རེད།
     ཉེན་ཁ་ཡོད་པའི་ལས་ཀར་ཧབ་ཐོབ་རྒྱག་པ་དང་། དཀའ་ཚེགས་ཆེ་བའི་ལས་ཀ་རང་འགུལ་ངང་སྒྲུབ་པ་སོགས་ཐའོ་ཀྲེན་ཧྭ་ཡིས་ཀུན་ལ་སྣེ་ཁྲིད་དཔེ་སྟོན་བྱས་པས། ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་ཚོའི་ཧུར་སེམས་རབ་ཏུ་འཕེལ་ཡོད། གྲང་ཟུག་སློང་བའི་འཁྱག་རོམ་ནས་ཤིང་ཆ་དབོར་བ་དང་། དྲག་ཏུ་རྒྱུག་པའི་ཆུ་བོའི་གཞུང་ལ་ཟམ་པ་རྒྱག་པ། བྲག་རི་གཡང་གཟར་ལ་དཔྱངས་ནས་རྫས་ཁུང་གཏོལ་བ་སོགས་སྐམ་ལ་རིད་པའི་ཧྲན་ཤིས་ཀྱི་སྟག་ཤར་དེས་འཆི་རྒྱུར་མི་སྐྲག་པར་རི་གཤགས་ལམ་གཏོད་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་པ་རེད།
     1976ལོའི་དགུན་ཁར། ལས་གྲྭ་ཆེས་འགག་རྩ་དང་ཆེས་དཀའ་ཚེགས་ཆེ་བའི་མཚམས་སུ་སླེབས་ཡོད། འོན་ཀྱང་། དངོས་ཟོག་དཀོན་པས་གཡང་གཟར་ངོས་ཀྱི་རྡོ་གཤགས་ནས་ལམ་གཏོད་ཆེད། ཐའོ་ཀྲེན་ཧྭ་ཡིས་འབར་རྫས་བཟོ་རྒྱུའི་སེམས་ཐག་བཅད་པ་རེད།
     “ཐེངས་ཁ་ཤས་ལ། སྦི་སྡི་ཡག་པོ་མ་འབར་བས་ཐའོ་ཧྲུའུ་ཅིས་སྔོན་ལ་ཕྱིན་ནས་ལྟ་བཤེར་བྱས་པ་རེད” “གང་དུ་དཀའ་ཚེགས་ཆེན་པོ་ཡོད་ན། དེ་རུ་ཐའོ་ཧྲུའུ་ཅི་སླེབས་ཡོད”ཅེས་ལོ་70ལ་སླེབས་པའི་བདེ་ཆེན་གྱིས་སྐབས་དེ་དུས་ཐའོ་ཀྲེན་ཧྭ་དང་མཉམ་དུ་ཧུར་ཐག་འབད་ཐག་གིས་ལམ་བཟོས་པའི་གནས་ཚུལ་ཕྱིར་དྲན་བྱས་པ་རེད།
     1978ལོའི་ཟླ་10ཚེས་1ཉིན། ཤར་སྣེ་རྨ་ཆེན་རྫོང་སྡོམ་ཁོག་ཀུང་ཧྲེ་སྡོམ་ཁོག་གྲོང་ཚོ་ནས་ནུབ་སྣེ་གངས་རི་ཀུང་ཧྲེ་དབར་གྱི“སྡོམ་གངས་གཞུང་ལམ”དངོས་སུ་ཤར་གཏོང་ཐུབ་པ་རེད། ཉིན་མཚན་ཆིག་སྟོང་ལྷག་ཙམ་རིང་། ཐའོ་ཀྲེན་ཧྭ་ཡིས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་མང་པོ་ཁྱད་དུ་བསད་ཐོག ལག་ཟུང་དང་། ཐོ་བ། སྦྱག་མ་བཅས་ལ་བརྟེན་ནས་གཡང་གཟར་གྱི་ངོས་དང་། གྲོག་རོང་གི་མཐིལ། ཆུ་བོའི་གཞུང་བཅས་ལ་སྤྱི་ལེ་57ཟིན་པའི་རྫོང་ནས་ཤང་བར་གྱི་གཞུང་ལམ་ཞིག་བསྐྲུན་པ་དང་། གངས་རི་ཤང་དུ་རླངས་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།
      ཐའོ་ཧྲུའུ་ཅིའི“གངས་རིར་ལམ་བཏོད་པའི་སྙིང་སྟོབས”ཀྱི་སྐུལ་ལྕག་འོག གངས་རིའི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཤང་གྲོང་ཆུ་ཤུགས་གློག་ཁང་དང་པོ་དེ་བསྐྲུན་ནས། རི་ཁུག་ཏུ་གནས་པའི་གངས་རི་ཤང་ལ་འོད་སྣང་སྦྱིན་པ་དང་། ཀྲོའུ་ཡོངས་ཀྱི་འབྲོག་པའི་གཞིས་ཆགས་སྡོད་ཁང་དང་པོ་དེ་བསྐྲུན་ནས། མི་རབས་ནས་མི་རབས་རྩྭ་ཆུ་བཟང་སར་སྐྱས་སྤོ་བའི་འབྲོག་པ་མང་ཚོགས་གཞིས་ཆགས་སུ་བཅུག་པ། ཀྲོའུ་ཡོངས་ཀྱི་ཤང་གྲོང་ཁེ་ལས་དང་པོ་དང་ཤྭ་གསོ་ར་བ་དང་པོ་བཙུགས་པ་སོགས་བྱས་པས་གངས་རི་ཤང་གི་མང་ཚོགས་སྔར་ལས་མང་བར་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད།
      གངས་རི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཚེ་རིང་བཀྲ་ཤིས་ཀྱིས“སྡོམ་གངས་གཞུང་ལམ”ཤར་གཏོང་ཐུབ་པས་གངས་རི་ཤང་གི་ཡུལ་མི་ཚོར་རེ་བ་གསར་པ་རྙེད་ཡོད། གངས་རི་ཤང་གི་མི་དམངས་ཀྱིས་ཕྱུགས་འཚོ་ཁོ་ནར་བརྟེན་ནས་མ་བསྡད་པར་རི་ཁུག་ནས་ཐོན་ཏེ། བྱ་དངོས་གསར་པ་དང་ལེན་བྱས་པས་རིམ་བཞིན་འཚོ་བ་གསར་པ་ཞིག་སྐྱེལ་ཐུབ་པ་བྱུང་ཡོད།
      2019ལོའི་ལོ་མཇུག་བར། གངས་རི་ཤང་གིས་དུད་ཚང་68ཀྱི་མི་201དབུལ་སྒྲོལ་བྱེད་པའི་དམིཌ་ཚད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་མ་ཟད། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ཟིན་ནས་རྫོང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་བརྒལ་བ་དང་། དུད་ཚང་ཚང་མས་འཇིབ་ཆུང་ཉོས་ཡོད་ཅེས་བརྗོད་པ་རེད།
      2017ལོའི་ལོ་མཇུག་ཏུ། མཛོ་རྒན་རྭ་བ་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས། རྫོང་གྲོང་ནས་གངས་རི་ཤང་དབར་གྱི་ལམ་ཐག་ཆུ་ཚོད་གཅིག་བར་ཐུང་དུ་ཕྱིན་ཡོད། དེ་སྔའི་འདམ་རྫབ་ཀྱིས་ཁེངས་པའི“སྡོམ་གངས་གཞུང་ལམ”མིང་གི་ལྷག་མར་གྱུར་པ་རེད། ཡིན་ན་ཡང་མི་སེར་ཚོས་གངས་རིར་ལམ་གཏོད་དཔའ་བོ་ཐའོ་ཀྲེན་ཧྭ་ནམ་ཡང་མ་བརྗེད་པར། “གངས་རིའི་བུ་ཕྲུག”ཅེས་འབོད་ཀྱི་ཡོད།
      2014ལོའི་ཟླ་3ཚེས་10ཉིན། ཐའོ་ཀྲེན་ཧྭ་ནད་གཞིས་རྐྱེན་པས་གྲོངས་པ་རེད། ཐའོ་ཀྲེན་ཧྭ་ཡི་བཀའ་དྲིན་མ་བརྗེད་པའི་ཆེད་དུ། ས་གནས་དེ་གས་ཐའོ་ཀྲེན་ཧྭ་དྲན་གསོ་ཁང་བསྐྲུན་པ་རེད།
     དྲན་གསོ་ཁང་དེའི་ནང་དུ། གངས་རི་ཤང་གི་མང་ཚོགས་ཀྱིས་རང་འགུལ་ངང་སྒོར་ཁྲི་2.5ཞལ་འདེབས་བརྒྱབ་ནས་ཐའོ་ཀྲེན་ཧྭའི་འཇིམ་སྐུ་ཞིག་བཞེངས་ཡོད་པ་དང་། དེའི་ཐོག་དཀར་གཙང་མཇལ་དར་མང་པོ་བསྒྲོན་ཡོད་པ་རེད། བོད་རིགས་མི་སེར་ཚོས་རང་ཉིད་ཀྱི་གོམས་སྲོལ་ལྟར་གངས་རིའི་མང་ཚོགས་དང་མཉམ་དུ་ངོ་མཚར་བཏོད་མྱོང་བའི་རྒྱ་རིགས་ལས་བྱེད་པ་ཁོང་ལ་དྲན་གསོ་ཞུས་པ་རེད།