མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་20ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་པི་ཏུའུ་ནས་ཟླ་1ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་18ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པི་ཏུའུ་རུ་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅི་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་འབར་དབར་སྤུན་ཟླའི་མཛའ་གྲོགས་ཟབ་མོ་ཡོད། མིག་སྔར་ཀྲུང་འབར་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ད་རེས་ང་ཚོས་ཀྲུང་འབར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་དུས་རབས་གསར་པ་འབྱེད་རྒྱུའི་ཐག་བཅད་པ་ཡིན། ང་ཚོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་དུས་མཚམས་རྗེས་མའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཞིབ་ཕྲའི་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་འབར་དབར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     གཅིག་ནི་འཕེལ་རྒྱས་ཀྱི་སྦྲེལ་མཐུད་བྱེད་མགྱོགས་སུ་བཏང་ནས་དཔལ་འབྱོར་བར་ཁྱམས་ཡག་པོ་བསྐྲུན་རྒྱུ་དེ་ཡིན་པ་དང་། གཉིས་ནི་སྣེ་འདྲེན་རྣམ་གྲངས་ལ་དམིགས་ནས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ། གསུམ་ནི་ཚོང་དོན་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས་ས་གནས་ཀྱི་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པ། བཞི་ནི་མི་ཆོས་རིག་གནས་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་དམངས་སེམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་བཅས་སོ།
      ཨང་ཧྲན་སུའུ་ཅིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབར་མར་རྒྱལ་དོན་འཚམས་འདྲི་གནང་བར་སླར་ཡང་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཁོང་གིས་འབར་མ་ཕྱོགས་ཀྱིས་ཀྲུང་འབར་མཛའ་གྲོགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མུ་མཐུད་ཀྲུང་གོའི་གྲོགས་པོ་བཟང་པོ་བྱེད་ཐུབ་རེ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཨང་ཧྲན་སུའུ་ཅིས་ཀྲུང་འབར་འབྲེལ་བའི་ཁྱད་ཆོས་གཙོ་བོ་ནི་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད། དུས་ཡུན་རིང་པོའི་ནང་ཀྲུང་གོས་ཕྱོགས་གཉིས་པོ་དང་རྒྱལ་སྤྱིའི་རིམ་ངོས་ནས་འབར་མ་ཕྱོགས་ལ་རྩ་ཆེའི་བསམ་ཤེས་དང་རྒྱབ་སྐྱོར་བྱས་པ་འབར་མའི་མི་དམངས་ཀྱི་བློ་ལ་བརྟན་པོར་ངེས་ཡོད་ཅེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས་ལམ་ཐག་རིང་ན་རྟ་ཤུགས་ཤེས། ཡུན་རིང་གཤིབས་ན་མི་རྒྱུས་ལོན། ཀྲུང་གོ་ནི་འབར་མ་ཕྱོགས་ཀྱིས་ཡིད་ཆེས་བྱེད་རིན་ཡོད་པའི་གྲོགས་པོ་བཟང་པོ་ཞིག་རེད། ཀྲུང་འབར་གྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཐུན་མོང་ཐོག་དར་སྤེལ་དང་ལག་ལེན་བསྟར་བ་དེས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རོགས་རམ་ཐུབ་པ་མ་ཟད། རྒྱལ་ཁབ་དབར་འགྲོ་འོང་གི་མིག་དཔེ་བཏོད་ཡོད་ལ་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཀྱང་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད། 

  
style="display:none;"