འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་19ཉིན།

༄༅།།མཚོ་སྔོན་གྱིས“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”བྱས་ནས་ས་མཐོའི་མྱུར་སྐྱེལ་གྱི་མཐའ་མའི་
འགག་གནད་བསལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་19ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ལོ་38ལ་སླེབས་པའི་མཱ་དབྱི་སི་ཧཱ་ཁེ་ལོ་10ཡི་གོང་བཟའ་ཟླ་དང་མཉམ་དུ་ཕ་ཡུལ་མཚོ་སྔོན་དང་ཁ་བྲལ་ནས་ཧུའུ་ནན་ཁྲང་ཧྲ་རུ་བསྐྱོད་དེ་འཐེན་ཐུག་ཟ་ཁང་ཞིག་གཉེར་ཡོད་ལ། ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། མཱ་དབྱི་སི་ཧཱ་ཁེས་རླངས་འཁོར་བཏང་ནས་ནང་མི་ཚང་མ་ཁྲིད་དེ་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་ཅིང་། འགྲུལ་བཞུད་རྡོག་ཁྲེས་ནང་ལམ་རྒྱགས་ཙམ་ལས་ཁྱེར་མེད་པ་རེད།
    “ད་རེས་རྡོག་ཁྲེས་མང་པོ་ཞིག་སྦྲག་ཐོག་ནས་བསྐུར་པ་ཡིན། སྔོན་ཆད་ཕ་ཡུལ་དུ་ལོག་སྐབས། གྱོན་ཆས་གསར་པ་དང་། ཡུལ་ཟོག གློག་ཆས་སོགས་རྡོག་ཁྲེས་མང་པོ་ཡོད་པས་ལམ་བར་དུ་དཀའ་ལས་ཁག་པོ་འདུག ལོ་འདི་དག་རིང་། ཕ་ཡུལ་དུ་མྱུར་སྐྱེལ་ཤར་གཏོང་ཐུབ་པས། ཅ་ལག་གསར་པ་དྲ་ཐོག་ནས་ཉོ་བའམ་ཡང་ན་ཁྲང་ཧྲ་ནས་མྱུར་སྐྱེལ་བརྒྱུད་དེ་ཐད་ཀར་ཁྱིམ་དུ་བསྐུར་ཡང་ཉིན་གཉིས་ནང་འབྱོར་གྱི་འདུག”ཅེས་མཱ་དབྱི་སི་ཧཱ་ཁེ་ཡིས་བཤད།
      ཉེ་བའི་ལོ་ཤས་རིང་། གནམ་གཤིས་གྲང་ངར་ཆེ་ཞིང་། ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ནས། ཐག་རིང་ལུང་ཁུག་ས་ཁུལ་གྱི་སྦྲག་སྐྱེལ་ནུས་པ་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མཚོ་སྔོན་དུ་མྱུར་སྐྱེལ་ལས་ཀ་བྱེད་མཁན་8000ལྷག་ཙམ་ཡོད་པའི་ཁྲོད། སྦྲག་སྲིད་ཁེ་ལས་ཀྱི་ལས་མི་2000ལྷག་ཙམ་ཡོད་པ་རེད། 2018ལོའི་ཟླ་བཅུ་པའི་ཟླ་མཇུག་བར་དུ། སྦྲག་སྲིད་དྲ་བ་མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁྱབ་ནས། ཞིང་འབྲོག་མང་ཚོགས་སྤྱི་ལེ་བཅུ་ཕྲག་ཁ་ཤས་བསྐྱོད་དེ་ཤང་ནས་ཚགས་པར་དང་དུས་དེབ་དང་སྦྲག་ཐོག་བསྐུར་མ་ལེན་པའི་འཚོ་བ་མཇུག་འགྲིལ་བ་རེད།
     མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྲིག་ཚང་གྲོང་ཚོ་3128དུ་གཟའ་འཁོར་རེར་སྦྲག་དངོས་སྐྱེལ་སྤྲོད་ཐེངས་3རེ་བྱེད་ཀྱི་ཡོད་པ་དང་། ཐག་རིང་ལུང་ཁུག་གི་སྒྲིག་ཚང་གྲོང་ཚོ་953དང་ཐག་རིང་ལུང་ཁུག་མ་ཡིན་པའི་སྒྲིག་ཚང་གྲོང་ཚོ་68དུ་སྐྱེལ་སྤྲོད་བྱེད་ཚད་མུ་མཐུད་མང་དུ་གཏོང་རྒྱུ་ཡིན་པ་རེད།
      2019ལོའི་ཟླ་11ཚེས་12ཉིན། མཚོ་སྔོན་ཞིང་ཆེན་སྦྲག་སྲིད་ཡན་ལག་ཀུང་སི་དང་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་མྱུར་སྐྱེལ་ཁེ་ལས་14ཡིས《མཚོ་སྔོན་ཞིང་ཆེན་གྱི་སྦྲག་སྲིད་མྱུར་སྐྱེལ་མཉམ་ལས་བྱས་ནས་གྲོང་ཚོར་སྐྱོད་པའི་ལས་སྒོའི་མཉམ་ལས་འཆར་གཞིའི་གྲོས་མཐུན》ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཤིང་། 2020ལོའི་ཟླ་1ཚེས་2ཉིན། ཟི་ལིང་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཀྱི་མཐུན་སྦྱོར་སྒྲིག་འཛུགས་འོག་སྐུ་འབུམ་ཆུས་དང་། ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་། སྟོང་སྐོར་རྫོང་བཅས་ཀྱི་སྦྲག་སྲིད་ཡན་ལག་ཀུང་སིས་མྱུར་སྐྱེལ་ཁེ་ལས་18དང་། དེ་བཞིན་དེ་དག་གི་ཡན་ལག་ཉིང་ལག་ཀུང་སི་ཁག་དབར་སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་གྲོས་མཐུན་བཞག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀུན་ལ་ཁྱབ་པའི་སྦྲག་སྲིད་ས་ཚིགས་ལ་བརྟེན་ནས། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་སྡེབ་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མྱུར་སྐྱེལ་གྲོང་གསེབ་ཏུ་བསྐྱོད་པར་སྐུལ་འདེད་ཀྱིས་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་དབོར་བ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་དབོར་བའི་ཕྱོགས་གཉིས་ཀྱི་འཁོར་རྒྱུག་ཐབས་ལམ་ཤར་གཏོང་བྱས་པ་རེད།
     ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧུར་ཀང་གིས། “མཚོ་སྔོན་གྱིས‘སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས’ལ་སྐུལ་འདེད་གཏོང་བ་ནི། སྦྲག་སྲིད་དྲ་བའི་ལེགས་ལྡན་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྦྲག་སྲིད་ཞབས་ཞུའི་དྲ་བ་དང་། རྫོང་དང་ཤང་ཁག་གི་ཞབས་ཞུའི་ས་ཚིགས་ཁྱོན་ཡོངས་ནས་སྒོ་ཕྱེ་ཐོག སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་ཀྱི་འཕེལ་རྒྱས་ལམ་བུ་གསར་པ་བཏོད་དེ། ‘མཐའ་མའི་འགག་གནད’ཀྱི་ཞབས་ཞུའི་འཇུར་མིག་བསལ་ནས། མྱུར་སྐྱེལ་དངོས་ཟོག་གི་བདེ་འཇགས་དང་དུས་ཚོད་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་།