འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་19ཉིན།

༄༅།།ཝང་ཡུང་གིས་ཀན་སུའུ་རུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། དམངས་འཚོའི་མཐའ་
ཚད་ཐ་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་ཏེ་དཀའ་ངལ་ཡོད་པའི་མང་
ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་19ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་ཝང་ཡུང་གིས་ཀན་སུའུ་ཞིང་ཆེན་དུ་དམངས་སྲིད་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་བརྟག་ཞིབ་གནང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དང་དམངས་འཚོ་འགན་ལེན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཁོང་ཚོ་དགའ་སྤྲོ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བའི་འགན་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་16དང་17ཉིན། ཝང་ཡུང་ལན་ཀྲོའུ་གྲོང་ཁྱེར་དང་ཝུའུ་ཝེ་གྲོང་ཁྱེར་གྱི་རྫོང(ཆུས)དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྲོང་ཚོ(སྡེ་ཁུལ)བཅས་ཁ་ཤས་སུ་ཕེབས་ནས་རྒན་རྒོན་ཕན་བདེ་སྒྲིག་གཞི་དང་། ཉིན་མོའི་ལྟ་སྐྱོང་ལྟེ་གནས། དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུ་རྟེན་གཞི་བཅས་སུ་འཚམས་འདྲི་གནང་བ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དྭ་ཕྲུག དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། སྤྱི་ཚོགས་རོགས་སྐྱོབ་དང་། བྱིས་པའི་ཕན་བདེ། རྒན་གསོའི་ཞབས་ཞུ། དབང་པོ་སྐྱོན་ཅན་སླར་གསོ་ལྟ་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཝང་ཡུང་གིས་ཀན་སུའུ་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་དང་དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ནས་གཞི་རྩའི་དམངས་འཚོ་འགན་ལེན་སྔར་བས་ཡག་པོ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དབང་པོ་སྐྱོན་ཅན་གཅིག་ཀྱང་ལུས་མི་རུང་བ་སོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལམ་ལུགས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་གཅིག་འདོམས། ཐ་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། འགན་ལེན་བྱེད་དགོས་རིགས་འགན་ལེན་དང་ཐ་སྐྱོང་བྱེད་དགོས་རིགས་ཐ་སྐྱོང་བཅས་བྱས་ནས་དམངས་འཚོའི་མཐའ་ཚད་ཐ་སྐྱོང་བརྟན་པོ་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཝང་ཡུང་གིས་མཛུབ་སྟོན་གནང་དོན། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་རྒྱུ་ནི་རིམ་ཁག་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དམངས་འཚོ་འགན་ལེན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དུད་ཚང་ཁྲི་སྟོང་མང་པོར་སྦྱིན་དགོས་པ་དང་། རོགས་སྐྱོབ་དང་རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་སྤྲོད་པ་དང་། སྤྱི་ཚོགས་རོགས་སྐྱོབ་དང་འགན་ལེན་གྱི་ཆུ་ཚད་དེ་ཟོག་གོང་འཕར་བ་དང་སྦྲེལ་མཐུད་མཉམ་འགུལ་བྱེད་པའི་ལམ་སྲོལ་དུས་བསྟུན་ལག་བསྟར་བྱེད་འགོ་བཙུགས་ནས་དཀའ་ངལ་ཡོད་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། དཀའ་ངལ་ཡོད་པའི་བྱིས་པ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཅེས་སྐྱོང་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ། སྤྱི་ཚོགས་སྟོབས་ཤུགས་ལ་ཆེད་ལས་ཅན་དང་སྣ་མང་ཅན་གྱི་སྤྱི་ཚོགས་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རོགས་སྐྱོར་ཧུར་ཐག་བྱེད་པ་དང་། རྒན་གསོ་དང་། གསོ་བཅོལ། དབང་པོ་སྐྱོན་ཅན་སོགས་ཞབས་ཞུའི་སྒྲིག་གཞི་འཛུགས་སྐྱོང་དང་བདེ་འཇགས་སྤུས་ཚད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དམངས་འཚོ་འགན་ལེན་གྱི་བདེ་འཇགས་དྲ་བ་རྒྱུན་ཆད་མེད་པར་དམ་ཚགས་སུ་གཏོང་དགོས།