འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་17ཉིན།

༄༅།།ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ཐད་མཐའ་གཅིག་ཏུ་ཡིད་ཆེས་ཟབ་མོ་ཡོད་པར་བརྗོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་17ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ནས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རི་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ནས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་དང་འཕེལ་རྒྱས་གཏོང་བའི་ཐད་ལ་མཐའ་གཅིག་ཏུ་ཡིད་ཆེས་ཟབ་མོ་ཡོད་པ་བརྗོད།
     ཀེང་ཧྲོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོམ་ཕུ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རི་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་དུས་རབས་གསར་པར་བསྐྱོད་པ་དང་། ཉིན་རེར་བཞིན་གནད་དུ་སྨིན་ཞིང་བརྟན་བརླིང་དང་སྲ་བརྟན་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་སྤྱིའི་གནས་ཚུལ་གྱི་འགྱུར་ལྡོག་དང་ཕྱོགས་གཉིས་ཀྱི་རྒྱལ་ཁབ་སོ་སོའི་རྒྱལ་ནང་གི་ཆབ་སྲིད་ལས་རིམ་གྱིས་ཤུགས་རྐྱེན་ཐེབས་མི་སྲིད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་རི་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བར་མཐའ་གཅིག་ཏུ་ཡིད་ཆེས་ཟབ་མོ་ཡོད་པ་བརྗོད། 
    ཁོང་གིས། མེ་ཏེ་ཝེ་ཅེ་ཧྥུའུ་དང་ཨུ་རི་སིའི་སྲིད་གཞུང་གཅིག་འདུས་ཀྱིས་ལས་ཁུར་དགོངས་ཞུ་བྱས་པ་ནི་ཨུ་རི་སིའི་ནང་སྲིད་ཡིན་ཞིང་། མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་དེ་ལ་བརྩི་འཇོག་བྱ་རྒྱུ་ཡིན་ཞེས་བཤད། 
    ཀེང་ཧྲོང་གིས། མེ་ཏེ་ཝེ་ཅེ་ཧྥུའུ་ནི་ཨུ་རི་སི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཡིན་པའི་ཆ་ནས། ལོ་མང་རིང་ཀྲུང་གོ་དང་ཨུ་རི་སི་བར་གྱི་འབྲེལ་བ་འཕེལ་རྒྱས་ཐད་ལ་འབད་པ་ཆེན་པོ་བྱས་ཡོད་ཅིང་། ཀྲུང་གོ་དང་ཨུ་རི་སི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་། མ་རྩ་འཇོག་པ། ནུས་ཁུངས་སོགས་ཀྱི་ཁྱབ་ཁོངས་ལ་དངོས་ཐོག་ལག་ཡོད་ཀྱི་མཉམ་ལས་སྐུལ་འདེད་བྱས་ཏེ་ལེགས་སྐྱེལ་གལ་ཆེན་ཕུལ་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་གདེང་འཇོག་མཐོན་པོ་ཡོད་པར་བཤད། 
    “ང་ཚོ་ལ་སྐུ་ཞབས་མེ་ཏེ་ཝེ་ཅེ་ཧྥུའུ་ལས་གནས་གསར་པའི་ཐོག་ནས། མུ་མཐུད་དུ་ཀྲུང་གོ་དང་ཨུ་རི་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ཐད་རང་ཉིད་ཀྱི་ལེགས་སྐྱེལ་འབུལ་བའི་རེ་བ་དང་ཡིད་ཆེས་ཡོད་”ཅེས་ཀེང་ཧྲོང་གིས་བཤད།