འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་17ཉིན།

༄༅།།མཚོ་སྔོན་གྱིས་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་གྱི་ཐོན་རྫས་ཁྲིམས་འགལ་
ངང་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་བྱས་པའི་གྱོད་གཞི་ཧ་ཅང་ཚབས་ཆེན་ཞིག་གི་
བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་17ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་ཐག་གཅོད་བྱས་པའི་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་བྱས་པའི་གྱོད་གཞི་ཧ་ཅང་ཚབས་ཆེན་ཞིག་གི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་4ཚེས་18ཉིན། མཚོ་སྔོན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་དང་བདེ་འཇགས་བཅོས་སྐྱོང་ཉིང་ལག་རུ་ཁག་གིས་ཁུངས་སྣེ་གཞིར་བཟུང་སྟེ། མི་ཞིག་གིས་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་ཧྲུའེ་ཅིན་སྲང་ལམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་ཁྲིམས་འགལ་ངང་ཕྱིར་ཚོང་བྱེད་ཀྱི་འདུག་ཅེས་གྱོད་དོན་སྙན་སེང་འབྱོར་བ་རེད།
     མྱུལ་ཞིབ་ནན་ཏན་བྱས་པ་བརྒྱུད། ཧྲུའེ་ཅིན་སྲང་ལམ་གྱི“ཆན་ཡིའུ་བོད་ཆས་དང་ཡུལ་ཟོག་ཐོན་རྫས”ཞེས་སྒོ་བྱང་བཀལ་བའི་ཚོང་ཁང་ཞིག་གིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་བ་སོ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
     མཚོ་སྔོན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་འཕྲལ་མ་ཉིད་དུ་ཁྱབ་ཁོངས་ཆེ་བའི་མྱུལ་ཞིབ་ལས་དོན་སྤེལ་ཞིང་། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་ཧྲན་ཏུང་དང་། ཀོང་ཏུང་། ཅང་སུའུ་བཅས་ཞིང་ཆེན་ཁག་དང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་ཀྲོའུ་སོགས་སུ་བསྐྱོད་དེ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་རེད།
     ཟླ་བ་གསུམ་རིང་བསྟུད་མར་ལས་དོན་སྤེལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་དང་བདེ་འཇགས་བཅོས་སྐྱོང་ཉིང་ལག་རུ་ཁག་གིས། ཉེས་གསོག་དོགས་ཅན་དབྱང་ཆེ་གེ་མོས་2016ལོ་ནས་ད་བར་ཞིང་ཆེན་ཕྱི་ནང་ནས་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་གྱི་ཐོན་རྫས་འབོར་ཆེན་ཁྲིམས་འགལ་ངང་ཉོ་སྒྲུབ་བྱས་རྗེས། ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་ཧྲུའེ་ཅིན་སྲང་ལམ་གྱི་སྟར་པ་གཉིས་པའི་ཚོང་ཁང་147—149ནང་ཁྲིམས་འགལ་ངང་ཕྱིར་ཚོང་བྱས་ནས་ཁེ་ཕན་རག་ཐབས་བྱས་པ་རྩད་ཆོད་པ་རེད།
     2018ལོའི་ཟླ་བདུན་པ་ནས་2019ལོའི་ཟླ་བཞི་པའི་བར། ཉེས་གསོག་དོགས་ཅན་དབྱང་ཆེ་གེ་མོས་ཉེས་གསོག་དོགས་ཅན་རབ་ཆེ་གེ་མོར་བ་སོའི་ཐོན་རྫས་ཐེངས་གསུམ་བཙོངས་པ་དང་། དེ་རྗེས་ཉེས་གསོག་དོགས་ཅན་རབ་གེ་མོས་ཁྲིམས་འགལ་ངང་ཉོ་སྒྲུབ་བྱས་པའི་བ་སོའི་ཐོན་རྫས་ཉེས་གསོག་དོགས་ཅན་གཞན་དག་2ལ་བཙོངས་པ་རེད། ཕྱིས་སུ་ཉེས་གསོག་དོགས་ཅན་དེ་གཉིས་ཀྱིས་ཁྲིམས་འགལ་ངང་ཉོ་སྒྲུབ་བྱས་པའི་བ་སོའི་ཐོན་རྫས་ཉེས་གསོག་དོགས་ཅན་གཞན་དག་4ལ་བཙོངས་པ་རེད།
     གྱོད་གཞི་དེའི་ནང་ཁྱོན་བ་སོའི་ཐོན་རྫས་195རྩད་ཆོད་པ་དེ་དག་གི་རིན་ཐང་སྒོར་202328ཟིན་པ་དང་། 2019ལོའི་ཟླ་7ཚེས་23ཉིན། མཚོ་སྔོན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་དེ་མི་དམངས་ཁྲིམས་ཁང་ལ་ཞིབ་བཤེར་བྱ་རྒྱུར་རྩིས་སྤྲད་པ་རེད།