འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་16ཉིན།

༄༅།།ཨུ་རི་སིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལས་ཁུར་དགོངས་ཞུས་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་16ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨུ་རི་སིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལས་ཁུར་དགོངས་ཞུས་བྱས།
    ཟླ་1ཚེས་15ཉིན། ཨུ་རི་སིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུའུ་ཡིས། ཁོང་གི་འགོ་ཁྲིད་པའི་སྲིད་གཞུང་གིས་ཙུང་ཐུང་ཕུའུ་ཅིན་ལ་ལས་ཁུར་དགོངས་ཞུ་ཞུས་ཟིན་པ་བརྗོད།
    ཐཱ་སི་གསར་འགྱུར་ཁང་གི་གསར་འགྱུར་སྤེལ་བར་གཞིགས་ན། ཕུའུ་ཅིན་གྱིས་ཨུ་རི་སིའི་སྲིད་གཞུང་གིས་ལས་ཀ་བསྒྲུབས་པ་ཚང་མ་ལ་བཀའ་དྲིན་ཆེ་ཞུས་ཤིང་། ཁོང་གིས། ཉེ་ཆར་ཨུ་རི་སིའི་མཉམ་འབྲེལ་རྒྱལ་ཕྲན་བདེ་འཇགས་ཚོགས་འདུའི་འོག་ཀྲུའུ་ཞི་གཞོན་པའི་ལས་གནས་གསར་པ་ཞིག་འཛུགས་རྒྱུ་མ་ཟད། མེ་ཏེ་ཝེ་ཅེ་ཧྥུའུ་ལ་ལས་འགན་དེ་ཁུར་རྒྱུའི་བཀའ་གཏོང་རྒྱུ་བསྟན་པ་དང་། དུས་མཚུངས་སུ། ཁོང་གིས་ལས་ཁུར་དགོངས་ཞུ་ཞུས་ཟིན་པའི་མེ་ཏེ་ཝེ་ཅེ་ཧྥུའུ་ལ་རྒྱལ་སྲིད་ལས་ཁུངས་གསར་པ་མ་བཙུགས་པའི་སྔོན་དུ་རང་ཉིད་ཀྱི་འོས་འགན་གང་ལེགས་སུ་སྒྲུབ་པའི་རེ་བཅོལ་བྱས་ཡོད།
   ཉིན་དེའི་སྔ་ཙམ་ལ་ཕུའུ་ཅིན་གྱིས་ཨུ་རི་སིའི་གྲོས་ཚོགས་ཁང་གཉིས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་སྤེལ་ནས། རྩ་ཁྲིམས་ལ་བཟོ་བཅོས་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད། ཁོང་གིས་བཏོན་པའི་གྲོས་གཞིའི་ནང་དུ་ཨུ་རི་སིའི་རྒྱལ་ཁབ་ཀྱི་ཏུའུ་མ(གྲོས་ཚོགས་འོག་མ)རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་(གྲོས་ཚོགས་གོང་མ)གི་དབང་ཆ་ཆེ་རུ་གཏོང་བ་དང་། ཨུ་རི་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གོ་གནས་དང་རྩ་ཁྲིམས་དེ་ཁྲིམས་ལུགས་ནང་གི་དམིགས་བསལ་གྱི་གོ་གནས་སུ་འཇོག་པར་ཤུགས་སྣོན་རྒྱག་དགོས་པ་བཅས་འདུས་ཡོད།
     ཉིན་དེར་མེ་ཏེ་ཝེ་ཅེ་ཧྥུའུ་ཡིས་ཕུའུ་ཅིན་ལ་ལས་དོན་སྙན་ཞུ་འབུལ་སྐབས་སུ། ཁོང་གིས་ཙུང་ཐུང་གིས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་དགོས་པའི་གྲོས་གཞི་བཏོན་པའི་གནས་ཚུལ་འོག་ཨུ་རི་སིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་ཞུས་པ་ནི་བྱེད་སྟངས་ཡང་དག་ཅིག་ཡིན་པར་བཤད་ལ། ཁོང་གིས། ཙུང་ཐུང་གིས་དགོས་ངེས་ཀྱི་ཆོད་དོན་འགོད་པར་ཨུ་རི་སིའི་མཉམ་འབྲེལ་སྲིད་གཞུང་གིས་མཐུན་རྐྱེན་སྐྲུན་དགོས་ཟེར།