འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་16ཉིན།

༄༅།།བོད་ལྗོངས་ཀྱི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་90%ཡན་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་16ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་གྲོང་ཁྱེར་བཙུགས་པའི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་90.19%ཟིན་ནས་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་ཆུ་ཚད་རྗེས་ལུས་ཀྱི་རྣམ་པ་ལེགས་བཅོས་ནུས་ལྡན་བྱུང་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
     བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་ནི་གཙོ་བོ་འཚོ་བའི་བཙོག་ཆུ་ཡིན་པའི་ཁར། ས་བབ་མཐོ་ལ་གྲང་ངར་ཆེ་ཁུལ་དུ་གནས་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུར་གར་ཚད་དམའ་བ་དང་དྲོད་ཚད་དམའ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ས་བབ་མཐོ་ཁུལ་དུ་སྐྱེ་དངོས་སྲིན་འབུ་གསོན་ཚད་དམའ་བ་དང་། འཁོར་སྐྱོད་སྲུང་སྐྱོང་གི་མ་གནས་མཐོ་བ། བཀོལ་སྤྱོད་ལག་རྩལ་གྱི་རེ་བ་མཐོ་བ་སོགས་ཀྱི་གནད་དོན་ལས་སྲོལ་རྒྱུན་གྱི་ཐག་གཅོད་བྱེད་ཐབས་སྤྱོད་ཤས་ཆུང་བ་རེད།
     གྲངས་གཞི་ལས་མངོན་གསལ། བོད་ལྗོངས་ཀྱིས་མིག་སྔར་བཙོག་ཆུ་གཙང་གསིང་བཟོ་གྲྭ་18བཙུགས་ཡོད་པ་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭ་14ཚོད་སྤྱོད་བྱེད་བཞིན་ཡོད་ལ། བཙོག་ཆུ་གཙང་གསིང་སྒྲིག་ཆས་56སྐྲུན་བཞིན་ཡོད་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་བཙུགས་པའི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་90.19%ཟིན་པ་དང་། རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་65.15%ཟིན་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་བསོད་ནམས་ཉི་མས་བོད་ལྗོངས་ཀྱི་སྣོད་བཅུད་ཉམས་ཞན་ཡིན་པས་བཙོག་ཆུ་གཙང་གསིང་རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་ལ་བཙོག་ཆུའི་མདོང་དྲ་དང་། མི་ཐབས་ལ་བརྟེན་པའི་འདམ་ར། དྭངས་བསིང་རྫིང་བུ། ཆུ་སྤུས་ལྟ་སྐུལ་ཚོད་འཛིན་ཡོ་ཆས། དེ་བཞིན་ཚོད་ལྟའི་སྤྱོད་ཁང་སོགས་ཀྱི་སྒྲིག་ཆས་ཡོད་པ་རེད། བསྐྲུན་ཟིན་རྗེས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་ནུས་པ་མཐོ་རུ་ནུས་ལྡན་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་གི་ཆུ་ཚད་རྗེས་ལུས་ཀྱི་རྣམ་པར་ལེགས་བཅོས་བྱུང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྐྲུན་པར་རྨང་གཞི་འདིང་ཐུབ་ཅེས་བཤད།