འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་16ཉིན།

༄༅།།མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་16ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི”གནད་དོན་756དག་ཐེར་བྱས་ཏེ་དག་ཐེར་བྱེད་ཚད་100%ཟིན་ཡོད་པ་རེད།
    དེ་སྔ་མཚོ་སྔོན་དུ་ཆུ་བོ་རྒྱུག་ཁུལ་ཁག་གཅིག་གང་བྱུང་དུ་བཟུང་བ་དང་། གང་བྱུང་དུ་སྤུངས་པ། གང་བྱུང་དུ་སྔོག་པ། གང་བྱུང་དུ་སྐྲུན་པ་སོགས་ཀྱི“གང་བྱུང་བཞིའི”གནད་དོན་རྟག་ཏུ་ཐོན་གྱི་ཡོད་པས་ཆུ་བོ་དང་མཚོའི་སྣོད་བཅུད་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞི་གཙང་སེལ”གྱི་ལས་དོན་གཙོ་གནད་བཀོད་སྒྲིག་བྱས་ཏེ་ཆུ་དཔོན་དང་མཚོ་དཔོན་5925དང་དོ་དམ་སྲུང་སྐྱོང་པ་དང་དེ་བཞིན་སྤྱི་ཚོགས་ཀྱི་མི་སྣ་16263མཐིལ་རྟོགས་ཀྱི་ལས་དོན་ལ་ཞུགས་པ་དང་། ལོ་ཧྲིལ་པོར་མི་ཐེངས་ཁྲི་12.39ཡིས་ཆུ་བོ་དང་མཚོར་སྐོར་གཡེང་བྱས་པར་ཆུ་བོ་དང་མཚོ་ཡི“གང་བྱུང་བཞིའི”གནད་དོན་756གྲལ་བཤེར་ཐུབ་པ་རེད།
     ས་གནས་དེ་གས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། སྒྱུབ་སྐུལ་ཆ་འཕྲིན་མ་ལག་སྤྱད་དེ་གནད་དོན་ལ་ཚུར་ལན་བསློགས་པ་དང་། སྤྱིར་བཏང་རང་བཞིན་གྱི་གནད་དོན་ལ་མྱུར་བཤེར་མྱུར་སྒྲུབ་བྱས་པ། གཙོ་གནད་གནད་དོན་ལ་དག་ཐེར་ཇུས་གཞི་བཟོས་ནས་རིམ་པ་བཞིན་དག་ཐེར་བྱེད་སྟངས་སྤྱད་དེ་གནད་དོན་ལ་དག་ཐེར་བྱས་པ་རེད། ཞིང་ཆེན་ཆུ་བེད་ཐིང་སོགས་སྡེ་ཚན་གྱིས་ས་གནས་ཁག་ལ་ཟླ་རེར་སྒྲུབ་སྐུལ་ཐེངས་རེ་བྱས་ཤིང་། གནད་དོན་དག་ཐེར་གྱིས་འགན་ལྕི་བ་དང་འཕེལ་རིམ་འགོར་བའི་ས་ཁུལ་གྱི་སྤྱི་ཁྱབ་ཆུ་དཔོན་དང་མཚོ་དཔོན་ལ་འཕྲིན་ཡིག་བཏང་ནས་སྒྲུབ་སྐུལ་བྱས་པས་མིག་སྔར་གནད་དོན་756ཚང་མ་དག་ཐེར་བྱས་ཟིན་པ་རེད།
     མཚོ་སྔོན་ནི་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། ཆུ་བོ་དང་མཚོའི“གང་བྱུང་བཞི”གཙང་སེལ་གྱི་ལས་དོན་སྤེལ་ཚུན། ས་གནས་དེ་གས་སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་དང་མཚོའི“གང་བྱུང་བཞི་གཙང་སེལ”གྱི་ཆེད་དོན་བྱ་སྤྱོད་ཀྱི་གནད་དོན་ལ་ངོས་འཛིན་དང་གཙང་སེལ་གྱི་ཚད་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལྐོག་བཤེར་ལྐོག་ཞིབ་ལས་དོན་ལམ་ལུགས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ཡིག་ཆ་སྔ་རྗེས་སུ་བཀྲམ་ནས་གཙང་སེལ་དང་དག་ཐེར་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད། ཞིང་ཆེན་རིམ་པའི་འགན་འཁྲིའི་ཆུ་དཔོན་དང་མཚོ་དཔོན་3གྱིས“གཅིག་གཏད་གཅིག”གི་སྒོ་ནས་སྒྲུབ་སྐུལ་གྱི་བརྡ་ཐོར་མཚན་རྟགས་བཀོད་པ་དང་། 2019ལོར་རིམ་རྩིས་བྱས་ན་ཞིང་ཆེན་གྱི་འགོ་ཁྲིད་མི་ཐེངས་18ཀྱིས་ཆུ་བོ་དང་མཚོར་སྐོར་གཡེང་བྱས་པས་ཐག་གཅོད་བྱ་རྒྱུར་ལུས་པའི་ཆུ་བོ་དང་མཚོའི“གང་བྱུང་བཞིའི”གནད་དོན་ཁག་གཅིག་བཅོས་སྒྲིག་ཐུབ་པ་རེད།