འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་16ཉིན།

༄༅།།ཀྲུང་མོའི་དཔོན་རིགས་ཀྱིས་བརྗོད་དོན། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ཀྱི་གཏིང་
ཤུགས་སྔོག་འདོན་གང་ལེགས་བྱེད་དགོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་16ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཞི་ཁོ་ནས་ཟླ་1ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་མོ་ཞི་ཁོའི་དཔལ་འབྱོར་པུས་རྒྱལ་ས་མོ་ཞི་ཁོར“ཀྲུང་གོའི་ཉིན་མོ”ཞེས་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་ཞུགས་མཁན་ཀྲུང་མོའི་དཔོན་རིགས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གསབ་རེས་རང་བཞིན་ཆེ་བས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད།
     མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲུའུ་ཆིང་ཆའོ་ཡིས་དེ་ཉིན་འགོ་འཛུགས་ཤིས་ཚིག་སྒྲོན་སྐབས། ཀྲུང་མོ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་གསབ་རེས་ལེགས་ཆ་ཉིན་བཞིན་ཆེ་རུ་ཕྱིན་པ་ལས་མཉམ་ལས་ཐད་གསོན་ཤུགས་དང་གཏིང་ཤུགས་ཆེན་པོ་ལྡན་པ་མངོན་གྱི་ཡོད། འབྱུང་འགྱུར་ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཁེ་ཕན་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     མོ་ཞི་ཁོའི་དཔལ་འབྱོར་པུའི་པུའུ་ཀྲང་ཀེ་ལ་ཤེ་ལ·མཱ་ཁེ་སི་ཡིས། ཀྲུང་གོའི་མ་རྩའི་ངོས་ནས་བརྗོད་ན་མོ་ཞི་ཁོ་ནི་ཞིང་ས་གཤིན་པོ་ཞིག་དང་གཉིས་སུ་མ་མཆིས། དེས་ན་མོ་ཀྲུང་རྒྱལ་ཁབ་གཉིས་པོས་སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མ་འཇོག་འགྲོ་རྒྱུག་ལ་སྐུལ་འདེད་གཏོང་ཆོག་ཅེས་བརྗོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། “ཀྲུང་གོའི་ཉིན་མོའི”རིང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་སྟོན་ཚོགས་ཀྱི་འོས་སྦྱོར་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་བློ་འདྲི། ཕྱོགས་གཉིས་པོའི་ཁེ་ལས་ཀྱི་གྲོས་མོལ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་མ་ཟད། ཁེ་ལས་འབྲིང་ཆུང་དང་། དྲ་ཐོག་ཚོང་དོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་འཇོག་སོགས་བརྗོད་བྱར་དམིགས་ནས་གླེང་སྟེགས་བྱེད་སྒོའང་སྤེལ་རྒྱུ་རེད།