འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་16ཉིན།

༄༅།།ཧྥ་རན་སེ་དང་། འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱིས་དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་
པའི་གྲོས་མཐུན་སྲུང་སྐྱོང་ལ་མུ་མཐུད་གཞོལ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་16ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཧྥ་རན་སེ་དང་། འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་མི་སྣས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་སྲུང་སྐྱོང་ལ་གཞོལ་རྒྱུའི་བསྐྱར་བསྒྲགས་བྱས་པ་དང་འབྲེལ། གྲོས་མཐུན་དེས་ཉིང་རྡུལ་མཚོན་ཆ་རྒྱ་བསྐྱེད་བཀག་འགོག་བྱེད་པར་འགག་རྩའི་ནུས་པ་ཐོན་པའི་ངོས་འཛིན་བྱས་པ་རེད།
     ཚེས་12ཉིན་ཧྥ་རན་སེའི་ཙུང་ཐུང་ལས་ཤག་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་། འཇར་མན་གྱི་ཙུང་ལི་མོ་ཁེར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་བཅས་ཀྱི་མཉམ་འབྲེལ་གསལ་བསྒྲགས་འདི་སྤེལ་བ་རེད། གསལ་བསྒྲགས་ནང་། ཉིང་རྡུལ་མཚོན་ཆ་རྒྱ་བསྐྱེད་བཀག་འགོག་མ་ལག་སྲུང་སྐྱོང་བྱེད་པ་དང་འབྲེལ་དབྱི་རན་ལ་དུས་ནམ་ཡང་ཉིང་རྡུལ་མཚོན་ཆ་མི་བདག་པ་བྱ་རྒྱུ་དེ་ཧྥ་རན་སེ་དང་། འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་པ་དང་། “དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་པའི་གྲོས་མཐུན་གྱིས་དེའི་ཐད་འགག་རྩའི་ནུས་པ་ཐོན་ཡོད”ཅེས་འཁོད་ཡོད་པ་རེད། ཨ་རི་དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་པའི་གྲོས་མཐུན་ནས་དོན་པ་དང་སྦྲགས་དབྱི་རན་ལ་བཀག་སྡོམ་བྱེད་འགོ་ཚུགས་རྗེས་རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་མི་སྣས“བློ་ཕམ་དང་དོ་ཁུར་བྱེད་ལུགས”མངོན་པར་བྱས་ཡོད། མིག་སྔར་དུས་བབ་དཀའ་ཚེགས་ཇེ་ཆེར་ཕྱིན་རུང་། རྒྱལ་ཁབ་གསུམ་པོས་དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་པའི་གྲོས་མཐུན་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད་པ་རེད།
     མཉམ་འབྲེལ་གསལ་བསྒྲགས་ནང་། ཧྥ་རན་སེ་དང་། འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་པོས་དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་པའི་གྲོས་མཐུན་སྲུང་སྐྱོང་ནང་མུ་མཐུད་གཞོལ་ནས་དབྱི་རན་གྱིས་དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་པའི་གྲོས་མཐུན་དང་མི་མཐུན་པའི་བྱ་ཐབས་མཐའ་དག་མཚམས་འཇོག་བྱེད་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད་པ་རེད། རྒྱལ་ཁབ་གསུམ་པོས་ཕྱི་འབྲེལ་གྱི་ཐབས་ཤེས་བརྒྱུད་དབྱི་རན་གྱི་འཕུར་མདེལ་རྣམ་གྲངས་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱས་པ་དང་། རྒྱལ་ཁབ་གསུམ་པོས་མུ་མཐུད་དབྱི་རན་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་ས་ཁུལ་དེ་གའི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
    དབྱི་རན་གྱིས་འཕུར་མདེལ་བརྒྱབ་ནས“རྐང་བཙུགས་ནས་མ་ཡིན་པའི”ཡུག་རེན་གྱི་འགྲུལ་སྐྱེལ་གནམ་གྲུ་གཏོར་བའི་གནད་དོན་ཐད། མཉམ་འབྲེལ་གསལ་བསྒྲགས་ནང་། ཧྥ་རན་སེ་དང་། འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་པོར་དབྱི་རན་གྱི་འབྲེལ་ཡོད་གསལ་བཤད་ལ་དོ་སྣང་བྱུང་བ་དང་འབྲེལ་དབྱི་རན་དང་མཉམ་དུ་གོམ་སྟབས་རྗེས་མའི་ལས་དོན་ཐད་མཉམ་ལས་བྱེད་འདོད་ཡོད་ཅེས་འཁོད་ཡོད་པ་རེད།
     2015ལོའི་ཟླ་བདུན་པར། དབྱི་རན་གྱིས་ཨ་རི་དང་། དབྱིན་ཇི། ཧྥ་རན་སེ། ཨུ་རུ་སུ། ཀྲུང་གོ འཇར་མན་བཅས་རྒྱལ་ཁབ་དབར་དབྱི་རན་གྱི་ཉིང་རྡུལ་གནད་དོན་སྐོར་ལ་ཕྱོགས་ཡོངས་ཀྱི་གྲོས་མཐུན་བཞག་པ་རེད། གྲོས་མཐུན་གཞིར་བཟུང་། དབྱི་རན་གྱིས་ཉིང་རྡུལ་མཚོན་ཆའི་འཆར་གཞི་ཚོད་འཛིན་བྱ་རྒྱུའི་ཁས་ལེན་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རན་ལ་བཀག་སྡོམ་བྱེད་མཚམས་བཞག་པ་རེད། 2018ལོའི་ཟླ་ལྔ་པར། ཨ་རི་ཕྱོགས་རྐྱང་པ་གྲོས་མཐུན་ནས་དོན་པ་དང་། དེ་རྗེས་དབྱི་རན་ལ་བཀག་སྡོམ་བྱེད་པའི་བྱ་ཐབས་བསྐྱར་དུ་སྤྱད་པ་དང་འབྲེལ་བཀག་སྡོམ་བྱ་ཐབས་གསར་དུ་བསྣན་ཡོད། དེར་ལན་སློག་ཆེད། 2019ལོའི་ཟླ་5པ་ནས་བཟུང་། དབྱི་རན་གྱིས་དུས་མཚམས་ཕྱེ་ནས་ཉིང་རྡུལ་མཚོན་ཆ་འགོག་པའི་གྲོས་མོལ་གྱི་དོན་ཚན་ཁག་ཅིག་ལག་བསྟར་བྱེད་མཚམས་བཞག་པ་རེད།
     ཟླ་འདིའི་ཚེས་3ཉིན། དབྱི་རན་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གི་མངའ་འོག“ཧྲེན་ཁྲེང་ལུའེ་ཤོག”གི་བཀོད་འདོམས་དཔོན་ཁ་ཤིས་མུའུ·སུའུ་ལའེ་མན་ཉི་དབྱི་རག་གི་པ་ཀ་ཏ་རྒྱལ་སྤྱིའི་གནམ་ཐང་གི་ཕྱིར་ཨ་རིའི་དམག་གི་མཁའ་དབྱིངས་འཇབ་རྒོལ་ཕོག་ནས་རྐྱེན་ལམ་དུ་ཤོར་བ་རེད། ཚེས་8ཉིན་གྱི་ཐོ་རེངས་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་ཨ་རིའི་དམག་དཔུང་བཅའ་སྡོད་བྱེད་སའི་དབྱི་རག་གི་དམག་དོན་རྟེན་གཞི་གཉིས་ལ་འཕུར་མདེལ་བཅུ་གྲངས་འཕངས་ནས་འཁོན་ལན་བསློགས་ཀྱང་ཨ་རི་ཕྱོགས་ཀྱི་མི་སྣ་ཤི་རྨས་བྱུང་མེད་པ་རེད། ཚེས་8ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་པའི་གྲོས་མཐུན་ལ“སྐྱོན་ཆ”ཡོད་པའི་སྐྱོན་འཛུགས་བྱས་ནས་དབྱི་རན་གྱི་ཉིང་རྡུལ་མཚོན་ཆ་འགོག་པའི་གྲོས་མཐུན་འཇོག་མཁན་ཁག་གིས་དེ་སྔའི་གྲོས་མཐུན་རྦད་དེ་མཚམས་འཇོག་བྱས་ཏེ་གྲོས་མཐུན་གསར་པ་བཟོ་དགོས་ཞེས་བརྗོད་ཡོད། ཚེས་10ཉིན་ཨ་རིའི་ནོར་སྲིད་པུས་དབྱི་རན་ལ་དཔལ་འབྱོར་གྱི་བཀག་སྡོམ་གསར་པ་བྱས་པ་རེད།
     ཟླ་འདིའི་ཚེས་8ཉིན། ཡུག་རེན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་གྱི་ཧོ་མེ་ཉི་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ནས་ཡུན་རིང་མ་སོང་བར་ལྷུང་བ་དང་། གནམ་གྲུའི་ཐོག་གི་མི་176ཚང་མ་རྐྱེན་ལམ་དུ་ཤོར་བ་རེད། ཚེས་11ཉིན་དབྱི་རན་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས་འགྲུལ་སྐྱེལ་གནམ་གྲུ་དེ་དབྱི་རན་དམག་དཔུང་ཕྱོགས་ཀྱིས་རྐང་བཙུགས་ནས་གཏོར་བ་ཞིག་མ་ཡིན་པར“མིའི་ནོར་འཁྲུལ་ལས”ཐོན་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།