འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་15ཉིན།

༄༅།།ཟི་ལིང་གྲོང་ཁྱེར་གྱི་ལམ་རྡིབ་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་མི་9བར་འཕར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་15ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་14ཉིན་གྱི་དགོང་མོ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཟླ་1ཚེས་13ཉིན་གྱི་དགོང་མོ་ཟི་ལིང་གྲོང་ཁྱེར་དུ་ཐོན་པའི་གྲོང་ཁྱེར་དཀྱིལ་གྱི་ཁྲོམ་ལམ་ལྷོ་མའི་ལམ་ངོས་རྡིབ་པའི་དོན་རྐྱེན་གྱི་འཚོལ་སྐྱོབ་ལས་ཀ་སྔར་བཞིན་སྒྲུབ་བཞིན་ཡོད་པ་དང་།  མུ་མཐུད་ཞིབ་བཤེར་བྱས་པ་བརྒྱུད། རྐྱེན་ལམ་དུ་ཤོར་མཁན་མི་6ནས་མི་9བར་འཕར་བ་དང་རྨས་སྐྱོན་ཕོག་མཁན་མི་15ནས་17བར་འཕར་ཡོད་པ་རེད།
    ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དབྱང་ཞའོ་མིང་གིས། དོན་རྐྱེན་ཐོན་རྗེས། ཟི་ལིང་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་ལས་ཀ་བྱེད་འགོ་བརྩམས་པ་དང་། ཉེ་འཁོར་གྱི་འཛུགས་སྐྲུན་དངོས་པོར་ལྟ་སྐུལ་ཚོད་འཛིན་ནན་པོ་བྱེད་པ། ཚན་རིག་གི་ཐོག་ནས་རོགས་སྐྱོབ་ལས་ཀའི་ཇུས་གཞི་བཟོས་པ། བབ་བསྟུན་རོགས་སྐྱོབ་རླངས་འཁོར་30ལྷག་ཙམ་བེད་སྤྱོད་བྱས་པ། བབ་བསྟུན་རོགས་སྐྱོབ་དང་། སྤྱི་བདེ་སོགས་སྡེ་ཚན་གྱི་མི་1000ལྷག་ཙམ་རོགས་སྐྱོབ་ནང་ཞུགས་ཡོད། མིག་སྔའི་བར། རྐྱེན་ལམ་དུ་ཤོར་བའི་མི་9ཡི་ཕུང་པོ་རྙེད་ཡོད།
   ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀའོ་ཝེ་ཡིས་ངོ་སྤྲོད་བྱས་དོན། མིག་སྔའི་བར། ཁྱོན་རྨས་སྐྱོན་ཕོག་པའི་མི་17ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང། ཚང་མ་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་གཅིག་གྱུར་ངང་སྨན་བཅོས་བྱེད་བཞིན་ཡོད། དེའི་ཁྲོད། སྨན་ཁང་དུ་མི་16ཉར་ཡོད་ཅིང་།  མི་1སྒོ་བསྟེན་སྨན་བཅོས་བྱེད་བཞིན་ཡོད།  
    མིག་སྔར། སྐྱོབ་བཅོས་ལས་དོན་སྔར་བཞིན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།