འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་15ཉིན།

༄༅།།ཀན་ལྷོའི་འབྲོག་པས“འུར་རྡོ་བཞག་ནས”རྒྱལ་ཁབ་ཀྱི་4A རིམ་པའི་ཡུལ་སྐོར་མཛེས་ལྗོངས་
ཁུལ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་15ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀ་ཤུལ་བོད་སྡེ་རིག་གནས་སྣོད་བཅུད་ཡུལ་སྐོར་ཁུལ་ལ་ཉིན་ཤས་གོང་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དངོས་སུ་འཛུགས་རྒྱུའི་ཆོག་མཆན་རག་པ་དེ་ནི་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ཚུད་པའི་འབྲོག་པ་གཞིས་ཆགས་ཁུལ་ཐོག་མ་དེ་རེད།
     མཛེས་ལྗོངས་ཁུལ་དེ་ནི་ཀན་ལྷོ་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོར་ཡོད་པ་རེད། མཚོ་ཉིན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། ཀ་ཤུལ་གྲོང་ཚོ་ནི་2003ལོར་འབྲོག་པ་གཞིས་ཆགས་དང་སྐྱས་སྤོས་རྩྭ་གསོ་འདུ་འགོད་འཛུགས་སྐྲུན་ལག་བསྟར་བྱས་པའི་འབྲོག་པའི་གཞིས་ཆགས་ཁུལ་ཞིག་ཡིན་པ་དང་། 2006ལོར་འབྲོག་པ་དངོས་སུ་སྤོས་ཡོད། གནད་སྨིན་དབུལ་སྐྱོར་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཀ་ཤུལ་གྲོང་ཚོས་2015ལོར་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་འགོ་བཙུགས་ཏེ། ཆུ་མཁོ་འདོན་དང་འཕྲོད་བསྟེན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་ཆབས་ཅིག་མི་ཕྱུགས་ལོགས་དབྱེ་དང་འཕྲོད་བསྟེན་བཅོས་སྒྲིག་གི་ལས་དོན་སྤེལ་ཡོད་ཅེས་བཤད།
     ཁོར་ཡུག་ལེགས་སུ་ཕྱིན་སྟབས་ཡུལ་སྐོར་བ་ཇེ་མང་དུ་སོང་བ། གྲོང་མི་ཚོའི་སྲོལ་རྒྱུན་གྱི་སྐྱས་སྤོས་ཐོན་སྐྱེད་བྱེད་ཐབས་ལ་རིམ་བཞིན་འགྱུར་ལྡོག་བྱུང་ནས། བོད་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བ་མ་ཟད་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡུལ་སྐོར་ལས་རིགས་ཀྱང་གཉེར་བ་རེད། 2017ལོར་ཀ་ཤུལ་གྲོང་ཚོ་རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུའི་ཆོག་མཆན་རག་པ་རེད།
     ཡུལ་སྐོར་གྱིས་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་མགྱོགས་མྱུར་ཐུབ་ཆེད། ཀ་ཤུལ་གྲོང་ཚོས་སྲིད་གཞུང་གི་མཛུབ་ཁྲིད་འོག་ཡུལ་སྐོར་ཞབས་ཞུ་ཞིབ་ཚགས་སྤེལ་ཏེ། རྩྭ་ཐང་རང་བྱུང་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་དང་། སྐྱས་སྤོས་རིག་གནས་ཞིབ་འཇུག་སློབ་སྦྱོང་། “ཀ་ཤུལ་གྱི་མཚན་མོའི”སྦྲ་གུར་ཞག་སྡོད་སོགས་ཀྱི་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་བཏང་ཡོད། དེ་དང་ཆབས་ཅིག་ཀ་ཤུལ་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་ཤ་སྐམ་པོ་དང་། བོད་ལུགས་ཀྱི་ཏན་ཞིམ་སོགས་ཚུད་པའི་ཡུལ་ཟོག་སྣ་ཁ་14དང་དེ་བཞིན་ཐོན་རྫས་གཞན་དག་30ལྷག་ཙམ་ཐོན་སྐྱེད་བྱས་ནས་ཡུལ་སྐོར་གྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱས་ཡོད།
    འབྲོག་པ་ཚོས་འུར་རྡོ་བཞག་རྗེས་རྩྭ་ཐང་དེ་བས་མཛེས་སྡུག་ལྡན་པ་དང་འཚོ་བ་དེ་བས་བདེ་སྐྱིད་དང་ལྡན་པར་འགྱུར་ཡོད། ཀ་ཤུལ་གྲོང་ཚོ་ནི་དེ་སྔའི་ཟང་ཟིང་ཆེ་བའི་རྩྭ་ཐང་གི་གཞིས་ཆགས་ཁུལ་ནས་ད་ཆ་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་འཕེལ་རྒྱས་བཏང་བ་དེ་ནི་བོད་རིགས་ས་ཁུལ་ཕྱོགས་ཡོངས་འཕེལ་རྒྱས་བཏང་བའི་བདེན་དཔང་ཞིག་རེད་ཅེས་བསོད་ནམས་དོན་གྲུབ་ཀྱིས་བརྗོད།