འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་15ཉིན།

༄༅།།ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ནས་དཔལ་འབྱོར་གྱི་ཉེས་གསོག་དོགས་ཅན་ཐོག་མར་
འཛིན་བཟུང་བྱས་ནས་ཁྲིད་ཡོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་15ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པ་གཞིར་བཟུང་། ཉེ་ཆར། ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཤིས་ཉི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་གཞོགས་འདེགས་འོག་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་ནས་ལོ་18སོང་བའི་གན་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་དོགས་ཡོད་པ་ལིའུ་ཆེ་གེ་མོ་འཛིན་བཟུང་བྱས་ནས་རང་རྒྱལ་དུ་ཁྲིད་ཡོང་བ་དང་། དེ་ནི་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ནས་དཔལ་འབྱོར་གྱི་ཉེས་གསོག་དོགས་ཅན་ཚུར་ཁྲིད་ཡོང་ཐེངས་ཐོག་མའང་ཡིན་པ་རེད།
     2001ལོའི་ཟླ་7ཚེས་19ཉིན། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་ཁོ་པའི་ཀུང་སི་སྤྱད་དེ་གནོད་འཚེ་ཕོག་མཁན་ཚན་པ་དང་གན་རྒྱ་བཞག་ནས་གནོད་འཚེ་ཕོག་མཁན་ཀུང་སིར་འབྲེལ་ཡོད་འགྲོ་ལུགས་ཀྱི་གྲོན་དངུལ་ཚབ་བརྒྱུད་བྱ་རྒྱུའི་ཁ་ཆད་བྱས་པ་རེད། འོན་ཀྱང་ལིའུ་ཆེ་གེ་མོས་གནོད་འཚེ་ཕོག་མཁན་ཚན་པའི་ཡིད་རྟོན་དཔང་འཛིན་གྱི་དངུལ་འབྱོར་རྗེས། འབྲེལ་ཡོད་གན་རྒྱ་ལག་བསྟར་མ་བྱས་པར་ཨོ་སི་ཁྲུ་ལི་ལའི་ཀྲུང་གོ་དངུལ་ཁང་ཤིས་ཉི་ཡན་ལག་དངུལ་ཁང་ནས་དངུལ་སྨར་བླངས་ཏེ་གནོད་འཚེ་ཕོག་མཁན་ཚན་པར་དཔལ་འབྱོར་གྱི་གྱོན་གུན་མི་དམངས་ཤོག་སྒོར་ཁྲི་360བཟོས་ཡོད། གྱོད་གཞི་ཐོན་རྗེས་ལིའུ་ཆེ་གེ་མོ་ཨོ་སི་ཁྲུ་ལི་ཡར་བྲོས་བྱོལ་དུ་སོང་བ་རེད། ལིའུ་ཆེ་གེ་མོ་བྲོས་བྱོལ་དུ་སོང་རྗེས་རང་རྒྱལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨོ་སི་ཁྲུ་ལི་ཡའི་ཁྲིམས་བསྟར་སྡེ་ཚན་དང་འབྲེལ་གཏུག་དམ་ཟབ་ཀྱིས་འབྲེལ་ཡོད་དཔང་རྟགས་མཁོ་འདོན་བྱས་ནས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ལ་ལིའུ་ཆེ་གེ་མོར་བརྟག་དཔྱད་བྱེད་རོགས་ཞུས་པ་རེད། ཕྱོགས་མང་ཐུན་མོང་ཐོག་ཕྱར་བ་གྲུ་འདེགས་ངང་འབད་བརྩོན་བྱས་པ་བརྒྱུད་མཐར་ལིའུ་ཆེ་གེ་མོ་ཨོ་སི་ཁྲུ་ལི་ཡ་ནས་འཛིན་བཟུང་བྱས་ཏེ་པེ་ཅིང་དུ་ཁྲིད་ཡོང་བ་རེད།