འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་14ཉིན།

༄༅།།གངས་ཤུད་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་14ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། 
ལོ་16ཅན་གྱི་ཀྲུང་གོའི་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་གྱི་གདོང་ལ་མཚེར་སྣང་གི་འཛུམ་མདངས་ཤིག་མཐོང་མོད། ཤུད་པང་གྱོན་ནས་འགྲན་བསྡུར་ལ་ཞུགས་རྗེས། དེ་སྔའི་ཞི་དུལ་གྱི་ཉམས་དང་མ་འདྲ་བར། སྐད་ཅིག་ཙམ་དུ་ནུས་ཚད་ཧ་ལས་པ་ཞིག་ཐོན། 
    ཟླ་1ཚེས་10ཉིན། སུའེ་ཙེར་ལའོ་སན་དུ་གཉེར་བའི་དགུན་དུས་གཞོན་ནུའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་གངས་ཤུད་རི་འཛེགས་བུ་མོའི་སྒེར་འགྲན་ནང་། བསོད་ནམས་ཆོས་སྒྲོན་གྱིས་འགོ་བརྩམས་དུས་རྗེས་སུ་ལུས་ན་ཡང་འབད་པ་ཆེན་པོས་རྗེས་འདེད་བྱས་པར་བརྟེན། མཇུག་མཐར་ཨང་བཞི་པ་བླངས་པ་དང་། ཀྲུང་གོའི་རུ་ཁག་ལ་དགུན་དུས་གཞོན་ནུའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་ཉིན་མོར་གྲུབ་འབྲས་ལེགས་པོ་ཞིག་གསར་གཏོད་བྱས་ཡོད། མོ་རང་གི་མཇུག་འབྲས་ནི་ཆུ་ཚོད་1དང་སྐར་མ་2སྐར་ཆ་88དང་99ཡིན་ཞིང་། ཨང་གསུམ་པ་ཐོབ་མཁན་ཧྥ་རན་སེའི་འགྲན་ཞུགས་པའི་གྲུབ་འབྲས་དང་སྐར་མ་2ཙམ་མིན་དལ་མེད། 
    འདི་ནི་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་སུ་ཐེངས་དང་པོར་གངས་ཤུད་རི་འཛེགས་འགྲན་བསྡུར་སྤེལ་བ་ཡིན་ལ། བསོད་ནམས་ཆོས་སྒྲོན་ལ་ཨོ་རྩལ་འགྲན་ཚོགས་རིམ་པའི་འགྲན་བསྡུར་ལ་ཞུགས་པའི་གོ་སྐབས་ཐེངས་དང་པོ་ཐོབ་པ་ཡང་ཡིན། འགྲན་བསྡུར་གྱི་ཁྲོད་དུ། མོ་རང་གི་མཉེན་ཤུགས་དང་གཏིང་ཤུགས་ཆེན་པོ་མངོན་ཞིང་། རྗེས་སྙེགས་དང་བརྒལ་ཐེངས་རེ་རེ་ལས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཐེངས་དང་པོར་ཞུགས་མཁན་བོད་ཀྱི་བུ་མོ་འདི་ལ་རིམ་བཞིན་ཡིད་ཆེས་སྐྱེས་པར་བཅུག་ཡོད། 
    བསོད་ནམས་ཆོས་སྒྲོན་ནི་ཀྲུང་གོའི་བོད་ལྗོངས་སུ་སྐྱེས་ཤིང་། སྔོན་ཆད་མོ་རང་གིས་མཆོང་རྒྱུག་འཕེན་གསུམ་ལ་ལོ་གཉིས་ཙམ་སྦྱངས་མྱོང་ཞིང་དྲ་བླུག་སྤོ་ལོ་ཡང་སྦྱངས་མྱོང་། 2017ལོར་གངས་ཤུད་རི་འཛེགས་སྦྱངས་པ་ནས་བཟུང་མོ་རང་ལ་སྔར་བྱུང་མ་མྱོང་བའི་ཚོར་སྣང་གསར་པ་ཞིག་བྱུང་ཡོད།