འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་14ཉིན།

༄༅།།མཚོ་སྔོན་གྱིས། ཐབས་མང་མཉམ་སྤྱོད་ཀྱིས་ཕག་པའི་ཐོན་ལས་ཀྱི་འཕེལ་རྒྱས་དང་ཕྱོགས་
སྒྱུར་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་14ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱིས་ཕག་གསོ་ར་བར(དུད་ཚང)སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕག་པའི་ཐོན་ལས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་རེད།
     ཕག་པ་གསོ་ཚགས་བརྟན་པོ་དང་ཕག་ཤ་ཁྲོམ་རར་མཁོ་འདོན་འགན་ལེན་བྱ་ཆེད། ཟླ་1ཚེས་7ཉིན་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས། 《ཕག་པའི་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་སྟེ། ཕག་གསོ་ར་བ(དུད་ཚང)དང་ཐོན་ལས་གླིང་སོགས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་དང་། ལོར་བཤས་གཏོང་ཚད་ཁྲི་10ཡན་ཟིན་པའི་ཕག་པ་གཞི་ཁྱོན་ཅན་གྱི་གསོ་ཚགས་ར་བར་གཙོ་གནད་རོགས་སྐྱོར་བྱ་རྒྱུ་རེད།
    ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་ཞིང་འབྲོག་འཁོར་རྒྱུག་གི་ཕག་པ་གསོ་ཚགས་ཐོན་ལས་གླིང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྒོ་བརྒྱབ་པ་དང་བཤིགས་པའི་ཕག་གསོ་ར་བ་དོ་དམ་དང་རིམས་འགོག་གི་གཏན་འབེབས་ལྟར་གསོ་ཚགས་གླིང་དུ་སྤོ་ཆོག་པ་དང་། སྒོ་བརྒྱབ་པ་དང་བཤིགས་པའི་གསོ་ཚགས་དུད་ཚང་གིས་གན་རྒྱ་བཞག་ནས་ཕག་པ་ཚབ་གསོ་བྱ་ཆོག་གི་ཡོད། སྲིད་གཞུང་གིས་ཞབས་ཞུའི་རྣམ་པའི་ཁེ་ལས་ནང་འདྲེན་ལ་རྒྱབ་སྐྱོར་བྱས་ཏེ་རིམས་འགོག་དང་། རྒྱུད་པ་ནང་འདྲེན། རྒྱུད་སྤེལ། ཕག་བྲུན་གནོད་མེད་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་སོགས་སྤྱི་ཚོགས་ཅན་གྱི་ཞབས་འདེགས་གཅིག་གྱུར་མཁོ་འདོན་བྱ་རྒྱུ་རེད།
     སྲིད་གཞུང་གིས་ད་དུང་ནོར་སྲིད་དངུལ་རྩའི་འགན་ལེན་བརྒྱུད་དེ་རོཌ་སྐྱོར་བྱ་རྒྱུ་དང་། ཕོ་ཕག་ར་བ(ས་གནས་ཀྱི་ཕག་པའི་རྒྱུད་པ་སྲུང་སྐྱོང་ར་བ་ཚུད)དང་ལོར་བཤས་གཏོང་ཚད་མགོ་གྲངས་1000ཡན་གྱི་གཞི་ཁྱོན་ཅན་གྱི་ཕག་གསོ་ར་བར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་བྱ་རྒྱུ་དང་སྐྱེད་ཀ་གསབ་སྤྲོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་རེད། རྒྱུད་སྤེལ་ཐུབ་པའི་མོ་ཕག་གི་འགན་བཅོལ་འགན་དངུལ་ཕག་པ་རེར་སྒོར་1500བར་དང་སྡོམ་གསོས་ཕག་པ་རེར་འགན་དངུལ་སྒོར་800བར་གནས་སྐབས་མཐོ་རུ་གཏོང་རྒྱུ་རེད།