འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་14ཉིན།

༄༅།།བོད་རིགས་རྒྱུག་ཤར་གློད་མཁན་སྟོབས་རྒྱལ་གྱིས། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་མར་སུན་འགྲན་བསྡུར་
གྱི་ཨང་བརྒྱད་པའི་ནང་ཚུན་དུ་ཚུད་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་13ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཀྲུང་གོའི་རིང་འབྲིང་རྒྱུག་ཤར་རུ་ཁག་གི་བོད་རིགས་ལུས་རྩལ་བ་སྟོབས་རྒྱལ་མིག་སྔར་ཨ་ཧྥེ་རི་ཁར་དགུན་སྦྱོང་བྱེད་བཞིན་ཡོད། ཨ་ཧྥེ་རི་ཁར་མ་བསྐྱོད་གོང་ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད། ཁོང་གིས་གྲུབ་འབྲས་དང་ཡིད་ཕམ་མཉམ་གནས་ཀྱི་2019ལོར་ཕྱིར་དྲན་བྱས་ཤིང་། 2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་སྐྱེས་པའི་མར་སུན་འགྲན་བསྡུར་ལ་ཨང་བརྒྱད་པའི་ནང་ཚུན་དུ་ཚུད་པའི་བརྩོན་ལེན་བྱས་ཏེ་ཀྲུང་གོར་ཚད་བརྒལ་ཡོང་བའི་རེ་བ་ཡང་བརྗོད་པ་རེད།
    2019ལོར་སྦྱོང་བརྡར་བྱེད་སྐབས་ཨ་ཧྥེ་རི་ཁའི་རྒྱུག་ཤར་གློད་མཁན་ལས་ཕམ་མྱོང་མེད་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་ཚད་ལ་སྔ་ས་ནས་སྔོན་དཔག་ཐུབ་ཡོད།
    2019ལོའི་ཟླ་3ཚེས་24ཉིན། ལོ་25ལ་སླེབས་པའི་སྟོབས་རྒྱལ་ཞུས་ཀྲོའུ་རྒྱལ་སྤྱིའི་མར་སུན་འགྲན་བསྡུར་དང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་མར་སུན་འགྲན་བསྡུར་གྱི་འདེམས་སྒྲུག་འགྲན་བསྡུར་ལ་ཆུ་ཚོད་2དང་སྐར་མ་10དང་སྐར་ཆ་31གི་གྲུབ་འབྲས་ཀྱིས་ཨང་དང་པོ་རག་པ་དང་འབྲེལ། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་ཚད་ཚད་གཞིར་སླེབས་པ་རེད། དེའི་གོང་གི་ཀྲུང་གོའི་སྐྱེས་པའི་བདམས་ཐོན་པའི་སྦྱང་འབྲས་ཡག་ཤོས་ནི་2007ལོའི་པེ་ཅིང་མར་སུན་འགྲན་བསྡུར་ལ་རེན་ཡུན་ལུང་གི་ཆུ་ཚོད་2དང་སྐར་མ་08དང་སྐར་ཆ་15རེད། ལོ་12ཀྱི་རྗེས་སུ་ཀྲུང་གོའི་སྐྱེས་པའི་བདམས་ཐོན་པའི་ཚབ་བྱས་ནས་ཆུ་ཚོད་2དང་སྐར་མ་11གི་འགག་སྒོ་ཆེ་མོ་ལས་སླར་ཡང་ཚད་བརྒལ་བྱུང་བས། སྐབས་དེ་དུས་སྟོབས་རྒྱལ་གྱི་སྦྱངས་འབྲས་ལ་དོ་ཁུར་བྱེད་མཁན་མང་པོ་བྱུང་ཡོད།
    “ཆུ་ཚོད་2དང་སྐར་མ་06ནས་སྐར་མ་04བར་གྱི་སྦྱངས་འབྲས་བཟང་པོ་ཐོབ་པའི་ལུས་རྩལ་མཁས་པ་བཅུ་གྲངས་དང་མཉམ་དུ་སྦྱོང་བརྡར་བྱེད་སྐབས། ངས་རུ་ཁག་གི་རྐང་པ་ནས་འཐེན་མྱོང་མེད”སྐར་མ་05ཡན་ལ་སླེབ་པ་ངས་ཤོད་མི་ཕོད་མོད། ཡིན་ནའང་སྐར་མ་06ནས་སྐར་མ་08བར་སླེབས་པའི་ནུས་པ་ང་ལ་ཡོད་ཅེས་སྟོབས་རྒྱལ་གྱིས་བརྗོད།
     དེའི་གོང་དགུན་སྦྱོང་བྱེད་རིང་། དུས་ཡུན་རིང་པོ་ཀྲུང་གོའི་བོད་ལྗོངས་ཀྱི་རིང་འབྲིང་རྒྱུག་ཤར་རུ་ཁག་དང་མཉམ་ལས་བྱེད་བཞིན་པའི་ཕྱི་རྒྱལ་གྱི་རྩལ་ཁྲིད་པས་ཀྱང་ལྟ་ཚུལ་གཅིག་མཚུངས་བརྗོད་ཡོད། འོན་ཀྱང་སྟོབས་རྒྱལ་གྱི་2019ལོའི་མར་སུན་འགྲན་བསྡུར་གཞན་དག་གཉིས་ཏེ། ཏེ་ཧ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དང་ཧྲང་ཧའེ་རྒྱལ་སྤྱིའི་མར་སུན་འགྲན་བསྡུར་ལ་ལམ་ཕྱེད་ནས་འགྲན་བསྡུར་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། དེའི་རྒྱུ་རྐྱེན་ནི་ལམ་ཕྱེད་དུ་ཆུ་གཏོར་ནས་ཚ་བ་བཅག་པ་ལས་ཕོ་བ་མི་བདེ་བ་བྱུང་བས་རེད། གནམ་གཤིས་ཚ་བ་ཆེ་བའི་ཏེ་ཧ་ལ་གནས་ཚུལ་དེ་ལྟ་བུ་རྟག་ཏུ་ཐོན་གྱི་ཡོད།
     2020ལོར་ཐོ་ཁེའོ་ཨོ་རྩལ་འགྲན་བསྡུར་གྱི་ཨང་བརྒྱད་པའི་ནང་ཚུན་དུ་ཚུད་པར་བྱས་ཏེ་ཀྲུང་གོར་ཚད་བརྒལ་ཡོང་བ་བྱེད་རྒྱུ།
    སྟོབས་རྒྱལ་དང་རྩལ་ཁྲིད་པས་ཀྱང་གནད་དོན་དེ་ཐག་གཅོད་པའི་བྱ་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད། “སྨན་ཁང་དུ་བརྟག་དཔྱད་བྱས་པ་ལས་སྦྱོང་བརྡར་བྱེད་སྐབས་གོམས་གཤིས་འཇགས་པ་བྱེད་རྒྱུ་རེད། རྒྱུན་དུ་གྱོན་པ་ཉུང་ཙམ་གྱོན་པ་དང་ཆུ་གཏོར་བ་དང་ཆུ་མང་ཙམ་འཐུང་བ་ལས་ཐབས་གཞན་མེད”ཅེས་བཤང་བྱུང་། ཏེ་ཧའི་འགྲན་བསྡུར་ནས་ཕྱིར་འཐེན་བྱས་པར་ང་རང་ཡིད་ཕམ་སྐྱེ་དགོས་དོན་གང་ཡང་མེད། “ངའི་བསམ་པར་དེའང་ཉམས་མྱོང་ཞིག་རེད་བསམས་བྱུང་། ད་ལྟ་ང་རང་ལོ་ཆུང་ཆུང་ཡིན། ཨ་ཧྥེ་རི་ཁའི་ལུས་རྩལ་མཁས་པ་ཚོའང་ལོ་30ཡན་ལ་བསླེབས་རྗེས་སྦྱངས་འབྲས་ཐོན་ཡོད། ང་ད་ལྟ་ལོ་25ལ་བསླེབས་པ་ཙམ་ཡིན་པས་ངས་བལྟས་ན་དེ་དག་ཚང་མ་གནད་དོན་མ་རེད”ཅེས་སྟོབས་རྒྱལ་གྱིས་བརྗོད།
     ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་བྱ་ཡུལ་གྱིས་ཚ་བ་ཆེ་བའི་གནམ་གཤིས་ལ་གཡོལ་ཆེད་ལེགས་སྒྲིག་བྱས་པའི་ཆ་འཕྲིན་ནི་སྟོབས་རྒྱལ་ལ་མཚོན་ན་གཏམ་བཟང་ཞིག་ཡིན་ཡང་སྲིད། ཁོང་གིས“ང་དང་རྩལ་ཁྲིད་པས་གཏན་འཁེལ་བྱས་པའི་དམིགས་ཚད་ནི་ཨང་བརྒྱད་པའི་ནང་ཚུན་དུ་ཚུད་དགོས་པ་དེ་རེད”ཅེས་བརྗོད།
     དེའི་གོང་ཀྲུང་གོའི་སྐྱེས་པའི་བདམས་ཐོན་པར་ཨོ་རྩལ་འགྲན་ཚོགས་ཀྱི་མར་སུན་འགྲན་བསྡུར་ལ་ཐོབ་པའི་སྦྱངས་འབྲས་ཡག་ཤོས་ནི་1988ལོར་ཧན་ཁྲེང་ཨོ་རྩལ་འགྲན་ཚོགས་ལ་ཚའེ་ཧྲང་ཡན་ལ་ཨང་26ཐོབ་པ་དེ་རེད། ལོ་4ཡི་གོང་གི་ལི་གཡོད་ཨོ་རྩལ་འགྲན་ཚོགས་སྐབས་ལོ་29ལ་སླེབས་པའི་ཏུང་གོ་ཅན་ལ་ཨང་29ཐོབ་ཡོད། ཨོ་རྩལ་འགྲན་བསྡུར་ལ་ཐེངས་དང་པོ་ཞུགས་པའི་སྟོབས་རྒྱལ་ལ་ཆུ་ཚོད་2དང་སྐར་མ་24དང་སྐར་ཆ་22ཡི་སྦྱངས་འབྲས་ཀྱིས་ཨང་91ཐོབ་ཡོད།
   “ང་ཚོ་ཀྲུང་གོ་ཨང་བརྒྱད་པའི་ནང་ཚུན་དུ་ཚུད་མྱོང་མེད། དེར་བརྟེན་ངས་ཐོག་མར་ཚད་བརྒལ་ཡོང་བར་བྱེད་པ་དང་། ཐེངས་རྗེས་མར་དམིགས་ཚད་དེ་ལས་མཐོ་བ་འཛིན་དགོས་སྙམ་གྱི་ཡོད”ཅེས་སྟོབས་རྒྱལ་གྱིས་བརྗོད།
     འཚར་ལོངས་བྱུང་རྗེས་སོ་སོའི་འགན་འཁྲི་སྔར་བས་ངེས་པ།
      2017ལོའི་ཐེན་ཅིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྨི་ཁྲིའི་རྒྱང་རྒྱུག་ལ་ཨང་དང་པོ་ཐོབ་པ་ནས་2018ལོའི་ཅ་ཁར་ཐ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མར་སུན་འགྲན་བསྡུར་ལ་ཟངས་ཀྱི་རྟགས་མ་ཐོབ་པའི་བར། རྩལ་ཁྲིད་པ་སྐལ་བཟང་ཚེ་རིང་གི་མིག་ལམ་དུ་སྟོབས་རྒྱལ་འཚར་ལོངས་ཡག་པོ་བྱུང་ཡོད་པ་སྟེ། “ཁོང་གིས་སོ་སོའི་ཕྲག་གི་འགན་འཁྲི་སྔར་བས་ངེས་ཀྱི་འདུག”
     མིག་སྔར། བོད་ཀྱི་རིང་འབྲིང་རྒྱུག་ཤར་རུ་ཁག་ལ་རྒྱལ་ནང་གི་སྐྱེས་པའི་རྣམ་གྲངས་ཐད་ཚོགས་པའི་ལེགས་ཆ་ངེས་ཅན་ཞིག་ཆགས་ཡོད། ལོ་24ལ་སླེབས་པའི་མི་འགྱུར་ཉི་མ་དང་། ལོ་23ལ་སླེབས་པའི་རྟ་མགྲིན་ཚེ་དབང་། ལོ་20ལ་སླེབས་པའི་བསོད་ནམས་ཚེ་རིང་བཅས་གསུམ་པོ་ཚང་མ་རྒྱལ་ཁབ་རུ་ཁག་གི་རུ་མི་ཡིན་ལ། འགྲན་དུས་གོང་མར་ཁོང་ཚོ་ཚང་མའི་སྦྱངས་འབྲས་ཆུ་ཚོད་2དང་སྐར་མ་20ཡི་ནང་ཚུན་རེད། སྐལ་བཟང་ཚེ་རིང་གིས་བརྗོད་པར་གཞིགས་ན། ཁོང་ཚོ་མི་ཁ་ཤས་ཀྱི་ཨ་ཧྥེ་རི་ཁའི་དགུན་སྦྱོང་གི་སྦྱངས་འབྲས་སྟོབས་རྒྱལ་དང་ཧ་ལམ་མཉམ་ཡོད།
     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། སྟོབས་རྒྱལ་གྱིས། ང་ནང་ལ་ལོ་གསར་གཏོང་བར་མ་ལོག་པར་ལོ་བཅུ་ཕྱིན་སོང་། “ལོག་ཐུབ་ཀྱི་རེད་བསམ་པ་ཡིད་ལ་འཁོར་མྱོང་མེད” བོད་དུ་ཡོད་པའི་ནང་མི་ཚོ་དང་ཁ་པར་རྒྱག་སྐབས། ངས་རང་ཉིད་ཀྱི་འགྲན་བསྡུར་དང་སྦྱོང་བརྡར་སྐོར་གྱི་གནས་ཚུལ་ཞིབ་ཕྲ་བརྗོད་མྱོང་མེད། ཨ་མ་ངུ་ཤོར་གྱི་འདུག དེ་སྔོན་རང་ཉིད་ཀྱིས་ཀྱང་རྒྱང་རྒྱུག་ནི་སྤྲོ་སྣང་མེད་པའི་རྣམ་གྲངས་ཤིག་རེད་ཅེས་བསམ་མྱོང་། ཡིན་ན་ཡང་། ཕྱིས་སུ་གྲུབ་འབྲས་ཐོབ་སྟེ། ག་ལེར་རྒྱལ་ཁབ་རུ་ཁག་ལ་ཞུགས་ཐུབ་པ་ནི་གཟི་བརྗིད་ཅིག་ཡིན་པས་འདི་ལྟ་བུའི་འཚོ་བར་མདུན་ལམ་ཡོད་ངེས་རེད་ཅེས་བསམ་གྱི་འདུག་ཅེས་གད་མོ་དགོད་བཞིན་དུ་བརྗོད།