འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་10ཉིན།

༄༅།།ཕྱི་འབྲེལ་པུས། ཕྱི་རྒྱལ་གྱི་མི་སྣ་དེ་བས་མང་བ་ལེང་ཅ་ཧོ་ལྟ་བུའི་ཀྲུང་གོའི་གཞི་རིམ་དུ་ཡོང་
རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་10ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཕྱི་རྒྱལ་གྱི་མི་སྣ་དེ་བས་མང་བ་ལེང་ཅ་ཧོ་ལྟ་བུའི་ཀྲུང་གོའི་གཞི་རིམ་དུ་བསྐྱོད་ནས་ཀྲུང་གོས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་པའི་ངར་ཤུགས་ཆེན་པོ་ཤེས་ཚོར་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཚེས་7ཉིན་ལོ་སིའི་ཙུང་ལི་ཐུང་ལུན་གྱིས་ཧྲའན་ཤིས་ཞིང་ཆེན་དུ་འཚམས་འདྲི་གནང་རིང་། ལེང་ཅ་ཧོར་འཚམས་འདྲི་གནང་བ་དང་། དེ་ག་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དེ་སྔ་ཕྱག་ལས་དང་འཚོ་བ་བསྐྱལ་གནང་མྱོང་བའི་ས་ཆ་ཞིག་རེད། གཟའ་འཁོར་འདིའི་གཟའ་ཟླ་བར་ཙུང་ལི་ཐུང་ལུན་གྱིས་པེ་ཅིང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་སྐབས་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བར་ལོ་སིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་ལ་ལོ་སིས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་མའང་བཏང་ཡོད་ཅེས་བརྗོད། ཙུང་ལི་ཐུང་ལུན་གྱིས་ཧྲའན་ཤིས་ཞིང་ཆེན་དང་ལེང་ཅ་ཧོར་འཚམས་འདྲི་གནང་བ་བརྒྱུད་ཀྲུང་གོའི་འགོ་ཁྲིད་པས་དེ་སྔ་དཀའ་སྤྱད་འབད་འཐབ་གནང་བའི་རྩ་ཆེའི་ཉམས་མྱོང་སྔར་བས་ཤེས་རྟོགས་ཐུབ་པ་དང་ཀྲུང་གོ་མི་དམངས་ཀྱིས་སྒྱུར་བཅོས་གསར་གཏོད་བྱེད་པའི་ངར་ཤུགས་ཆེན་པོ་མྱོང་ཚོར་ཐུབ་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རྨང་གཞི་ཟབ་མོའང་མྱོང་ཚོར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
    ཀེང་ཧྲོང་གིས་ཉེ་བའི་ལོ་ཤས་རིང་། དབུས་ཨ་ཧྥེ་རི་ཁའི་ཙུང་ཐུང་ཐུའུ་ཝ་ཏེ་ལཱ་དང་། ནེ་པ་ལའི་ཙུང་ལི་ཟུར་པ་ཕུའུ་ལ་ཁྲང་ཏ། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཟུར་པ་ཀྲང་ཀྲི་ཤན་སོགས་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གཙོ་བོའང་ལེང་ཅ་ཧོར་ཕེབས་མྱོང་ཡོད་པ་དང་ཚང་མས་ས་གནས་དེ་གའི་དབུལ་སྐྱོར་དཀའ་སེལ་དང་། དཔལ་འབྱོར་འཛུགས་སྐྲུན། སྣོད་བཅུད་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་ཡོད་ཅེས་བརྗོད་པ་རེད།
     ཀེང་ཧྲོང་གིས་2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་རིང་ལེང་ཅ་ཧོ་དཔེ་བཞག་ནས་འཛམ་གླིང་ལ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་ཚད་ངོ་སྤྲོད་གནང་མྱོང་ཡོད། ལེང་ཅ་ཧོ་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་བསྡུས་རིས་ཤིག་ཡིན་ལ་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་མཚོན་ཚུལ་ཞིག་ཀྱང་ཡིན། ང་ཚོས་ཕྱི་རྒྱལ་གྱི་མི་སྣ་དེ་བས་མང་བ་ཀྲུང་གོར་ཡོང་བ་དང་ལྷག་པར་དུ་ལེང་ཅ་ཧོ་ལྟ་བུའི་ཀྲུང་གོའི་གཞི་རིམ་དུ་ཡོང་ནས་ཀྲུང་གོའི་མི་སེར་དཀྱུས་མའི་བསམ་འདུན་དངོས་ཉན་པ་དང་། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་ཀྲུང་གོའི་ངར་ཤུགས་ཆེན་པོ་ཤེས་ཚོར་བྱེད་པ། ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནང་གནས་གཏན་ཚིགས་ཤེས་རྟོགས་བཅས་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
    “ང་ཚོས་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བརྗོད་བྱ་དེར་མཉམ་དུ་གྲོས་བསྡུར་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད”ཅེས་ཀེང་ཧྲོང་གིས་བརྗོད་པ་རེད།