འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་9ཉིན།

༄༅༎ལོ་17བསྟུད་མར་གྲངས་གནས་གཉིས་འཕར་བ་དང་ལོ་རེའི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཛིན་ཐུབ་པ།

2019ལོར་བོད་ལྗོངས་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་13%འཕར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། “གྲོང་ཚོའི་དུད་ཚང་ཚང་མས་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོས་པ་དང་། ཁྱིམ་ཚང་འགའ་ཞིག་གིས་ད་དུང་ཁང་པ་གསར་པ་བརྒྱབ་པ་དང་རླངས་འཁོར་གསར་པ་ཉོས་པ་རེད། ཡོང་འབབ་ཡག་པོ་བྱུང་དུས། མི་སེར་ཚོས་ཅ་ལག་ཉོས་ནའང་གདེང་ཚོད་ཆེན་པོ་ཡོད།” ཚོགས་ར་ནས་ཐོན་མ་ཐག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོའི་གྲོང་མི་གཡུ་སྒྲོན་གྱིས་གསར་འགོད་པར་གྲོང་ཚོའི་འགྱུར་ལྡོག་གསར་པ་གླེང་བྱུང་། 
     གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་འཕར་ཚད་13%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་མུ་མཐུད་རྒྱུན་འཛིན་ཐུབ་པ་དང་ལོ་17རིང་གྲངས་གནས་གཉིས་འཕར་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད། 2019ལོར་བོད་ལྗོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1600ལས་བརྒལ་བ་མངོན་འགྱུར་བྱས་ནས་9%འཕར་བས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེན་མངོན་ཡོད། 
     “2019ལོར་ང་དང་ཁྱོ་ག་གཉིས་ཀྱིས་འདེབས་འཛུགས་གཉེར་སྐྱོང་བྱས་པའི་རྒུན་འབྲུམ་ལྡུམ་ར་མུའུ་10དང་གུར་གུམ་དྲོད་ཁང་མུའུ་5ལ་ལོ་ལེགས་བྱུང་ནས་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་11ལྷག་ཙམ་བྱུང་། དཔྱིད་གསར་དུས་ཆེན་གོང་ཐོན་རྫས་ལྷག་མ་ཚང་མ་ཕྱིར་འཚོང་བྱས་ན་ལོའི་ཡོང་འབབ་སྒོར་ཁྲི་14ལས་བརྒལ་རྒྱུ་རེད། ང་ཚོས་རོགས་སྐྱོར་བྱས་པའི་དུད་ཚང་དབུལ་པོ་10ལྷག་ཙམ་ཡང་ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་ཕུད་ཡོད”ཅེས་གཡུ་སྒྲོན་གྱིས་གསར་འགོད་པར་བཤད་ཅིང་། 2019ལོར་བོད་ལྗོངས་ཤར་རྒྱུད་རི་ཁུལ་དུ་གནས་པའི་འཇང་གྲོང་ཚོའི་དུད་ཚང་284ཡི་མི་1360ཡི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.28ལྷག་ཙམ་ཟིན་པ་དང་། གྲོང་ཚོའི་ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་འགུལ་རྣམ་གྱིས་གཙང་སེལ་བྱས་ནས་ཚང་མས་རེ་སྒུག་བྱེད་པའི“གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་བྱ་རྒྱུ”མཐར་མངོན་འགྱུར་བྱུང་ཡོད་ཟེར། 
     ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ཅན་གྱི་འཕེལ་རྒྱས་བྱུང་ཡོད། ཞིང་འབྲོག་མང་ཚོགས་ནི་བོད་ལྗོངས་ཀྱི་སྤྱིའི་མི་འབོར་གྱི་བཅུ་ཆ་བདུན་ཡན་ཟིན་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་མགྱོགས་མྱུར་བྱུང་བ་དེས་བོད་ལྗོངས་ཀྱིས་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་སེལ་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། འབྲི་གཡག་དང་། ནས། གཏེར་ཆུ། མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཐོན་ཁུངས་ཀྱི་ལེགས་ཆར་བརྟེན། ས་བབ་དང་བསྟུན་ནས“རྫོང་རེར་ཐོན་རྫས་རེ”དང“གྲོང་ཚོ་རེར་ཐོན་རྫས་རེ”བཏོད་དེ་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཀྱི་ཐོན་ལས་འཛུགས་སྐྲུན་ལ་ཐོག་མའི་ཕན་འབྲས་ཐོན་ནས་ཐོན་ལས་འཕེལ་རྒྱས་དེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། 
     སྲིད་ཇུས་རང་བཞིན་གྱི་ཡོང་འབབ་དང་ཁ་གསབ་མང་དུ་ཤུགས་ཆེན་ཕྱིན་པ་ཕུད། བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་2019ལོ་ནས་2020ལོའི་བར་གྱི་ཞིང་འབྲོག་པ་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་གྱི་བྱ་སྤྱོད་ཇུས་གཞི》ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ངལ་ནུས་བར་གྲོས་པ་དང་ལས་གཉེར་མཉམ་འབྲེལ་རུ་ཁག་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་གཞན་སྒྱུར་བྱས་པ་ནས། རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་ཕྱིན་པས། ཞིང་འབྲོག་པ་མི་ཁྲི་57.1ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་34.8ཟིན་ཡོད་པ་རེད།