འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་9ཉིན།

༄༅།།ཐེ་རོན་ཕུ་ཡིས་དབྱི་རན་གྱི་འཇབ་རྒོལ་གྱིས་ཨ་རིའི་མི་སྣར་ཤི་རྨས་བཟོས་མེད་ཟེར། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཐེ་རོན་ཕུ་ཡིས་དབྱི་རན་གྱི་འཇབ་རྒོལ་གྱིས་ཨ་རིའི་མི་སྣར་ཤི་རྨས་བཟོས་མེད་ཟེར།
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས། དབྱི་རན་གྱིས་དབྱི་རག་ཏུ་བཅའ་སྡོད་ཨ་རིའི་དམག་དོན་ལྟེ་གནས་ལ་འཇབ་རྒོལ་བྱས་པ་ལས་ཨ་རིའི་མི་སྣར་ཤི་རྨས་བཟོས་མེད། མ་འོངས་པར་ཨ་རིས་དབྱི་རན་ལ་དཔལ་འབྱོར་བཀག་སྡོམ་གསར་པ་ལག་བསྟར་བྱ་རྒྱུ་ཡིན་ནའང་། དབྱི་རན་དང་ཐུན་མོང་གི་ཁེ་ཕན་ཐད་མཉམ་ལས་བྱ་རྒྱུའི་རེ་བ་ཡོད་པ་བཤད། 
    ཐེ་རོན་ཕུ་ཡིས་ཉིན་དེའི་སྔ་དྲོའི་ཕོ་བྲང་དཀར་པོའི་བརྙན་འཕྲིན་ནས་གཏམ་བཤད་བྱེད་པའི་སྐབས་སུ། དམག་དཔུང་ཁ་ཐོར་སྔོན་ལ་ལག་བསྟར་བྱས་པ་དང་། ཕན་ནུས་ལྡན་པའི་ཉེན་བརྡ་མ་ལག་བེད་སྤྱད་ལག་བསྟར་བྱས་པར་བརྟེན། ཨ་རི་ཕྱོགས་དང་དབྱི་རག་ཕྱོགས་ཀྱི་མི་སྣར་ཐེངས་འདིའི་འཇབ་རྒོལ་ནང་ཤི་རྨས་བྱུང་མེད་ཅིང་། ལྟེ་གནས་སུ་“ཚད་ཆེས་དམའ་བའི་གཏོར་བརླག”ཐེབས་ཡོད། མིག་སྔར། དབྱི་རན་གྱིས་ཕལ་ཆེར་“མཚམས་བཞག”ཡོད་པ་དང་། དེ་ནི་འབྲེལ་ཡོད་ཕྱོགས་ཁག་དང་ཐ་ན་འཛམ་གླིང་ཡོངས་ལ་མཚོན་ན་“དོན་དག་བཟང་པོ་”ཞིག་རེད་ཅེས་བརྗོད། 
    ཐེ་རོན་ཕུ་ཡིས། ཨ་རི་ཕྱོགས་ཀྱིས་དབྱི་རན་ལ་དཔལ་འབྱོར་བཀག་སྡོམ་གསར་པ་མགྱོགས་པོར་ལག་བསྟར་བྱ་རྒྱུ་དང་། ཨ་རིའི་བཀག་སྡོམ་ནི་དབྱི་རན་གྱིས་བྱེད་སྟངས་དེ་འགྱུར་ལྡོག་གཏོང་པའི་བར་དུ་རྒྱུན་མཐུད་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་དྲག་ཤུགས་བེད་སྤྱོད་འདོད་མེད་ཅིང་། ཨ་རིའི་དམག་དོན་དང་དཔལ་འབྱོར་དངོས་སྟོབས་ནི་ཟིལ་གནོན་བྱེད་ཐབས་ཡག་ཤོས་ཡིན་པ་བརྗོད། ཁོང་གིས་དུས་མཚུངས་སུ་ཨ་རི་ཕྱོགས་ཀྱིས་ཐལ་དྲགས་རྩ་འཛུགས་“དབྱི་སི་ལན་རྒྱལ་ཁབ”ལ་རྡུང་རྡེག་གཏོང་བ་ནི་དབྱི་རན་གྱི་ཁེ་ཕན་དང་མཐུན་ཞིང་། ཨ་རི་དང་དབྱི་རན་ཕྱོགས་གཉིས་ཀྱིས་དེའི་ཐད་ལ་ཁྱབ་ཁོངས་དང་དེ་མིན་ཐུན་མོང་གི་དོ་ཁུར་བྱེད་སའི་ཁྱབ་ཁོངས་སུ་མཉམ་ལས་སྤེལ་དགོས་པ་བསྟན། 
    ཐེ་རོན་ཕུ་ཡིས་གཏམ་བཤད་ནང་སྔར་བཞིན་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལ་“ཞན་ཆ་ཡོད”པར་སྐྱོན་བརྗོད་བྱས་ཤིང་། དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནི་ཕྱོགས་སོ་སོས་དེ་སྔའི་གྲོས་མཐུན་སྐྱུར་ནས། སླར་ཡང་གྲོས་མཐུན་གསར་པ་བཟོ་དགོས་པ་བཤད། ཨ་རིའི་ཙུང་ཐུང་འགན་བཞེས་པའི་རིང་ལ་ཁོང་གིས་དབྱི་རན་ལ་ཉིང་རྡུལ་མཚོན་ཆ་ཡོད་མི་ཆོག་པ་བྱ་རྒྱུ་ཡིན་ཟེར།
    ཐེ་རོན་ཕུ་ཡིས་དུས་མཚུངས་སུ་བྱང་ཆིངས་རྒྱལ་ཁབ་གཞན་པ་དབུས་ཤར་གྱི་དོན་དག་ནང་སྔར་བས་མང་ཙམ་ཞུགས་པར་འབོད་སྐུལ་བྱས་པ་དང་། ཁོང་གིས། མིག་སྔར་ཨ་རི་ནི་འཛམ་གླིང་ཐོག་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་སྐྱེད་རྒྱལ་ཁབ་ཨང་དང་པོ་དེ་ཡིན་ཞིང་། “དབུས་ཤར་གྱི་རྡོ་སྣུམ་མཁོ་དོན་མེད། ”ཨ་རིའི་འཐབ་ཇུས་དམིགས་བཀར་གྱི་དོན་ཚན་ལ་འགྱུར་ལྡོག་བྱུང་ཟིན་ཞེས་བརྗོད།