འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་9ཉིན།

༄༅།།ཕྱི་འབྲེལ་པུས། ཀྲུང་གོ་དང་ཁེ་རི་པ་སིའི་དབར་ཕྱོགས་གསུམ་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་
བྱུང་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་7ཉིན་ངོ་སྤྲོད་བྱས་དོན། ཁེ་རི་པ་སིའི་ཙུང་ཐུང་མཱ་མའོ་ཀྲུང་གོར་འཚམས་འདྲི་བྱེད་རིང་། ཀྲུང་ཁེ་ཕྱོགས་གཉིས་དབར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ཕྱོགས་གསུམ་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད།
    ཀེང་ཧྲོང་གིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ན་ནིང་གི་ཟླ་9པར་ཁེ་རི་པ་སིས་ཀྲུང་གོ་དང་ཕྱི་འབྲེལ་སླར་གསོ་བྱས་པས། ཀྲུང་གོས་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཀྱི་གྲོགས་ཚོགས་ནང་གི་ཁོངས་མི་གསར་པ་180པར་གྱུར་བ་མ་ཟད། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་མཉམ་ལས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་གི་རོགས་ཟླ་གསར་པ་ཨང་10པ་དེའང་རེད། ལོ་གསར་པ་འཆར་མ་ཐག ཙུང་ཐུང་མཱ་མའོ་ཡིས་དུས་བཀག་ལྟར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དེ་ནི་འདི་ལོ་ཀྲུང་གོ་ཕྱོགས་ཀྱིས་སྣེ་ལེན་ཞུས་པའི་རྒྱལ་དོན་འཚམས་འདྲི་ཐོག་མ་དེ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་ཁག་སོ་སོས་ཚེས་6ཉིན་ཙུང་ཐུང་མཱ་མའོ་དང་གྲོས་མོལ་དང་མཇལ་འཛོམས་གནང་བ་རེད། ཀྲུང་ཁེ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་འབྲེལ་གཏུག་གཏིང་ཟབ་བྱས་ཏེ་ཀྲུང་ཁེའི་འབྲེལ་བའི་འཕེལ་རྒྱས་ལ་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ཡོད། མདོར་བསྡུས་ནས་བརྗོད་ན། གཙོ་བོ་གཤམ་གསལ་ཕྱོགས་གསུམ་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་སྟེ།
    དང་པོ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་བྱེད་ཟབ་ཏུ་གཏོང་དགོས། ཙུང་ཐུང་མཱ་མའོ་ཡིས་ཁེ་རི་པ་སི་ཕྱོགས་ཀྱིས་ཀྲུང་གོར་ཡིད་ཆེས་བཅངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱེད་རྒྱུའི་ཐག་གལ་ཆེན་བཅད་པ་དང་ཁེ་རི་པ་སི་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་རྒྱུ་ཡིན་ཞེས་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས། ཁེ་རི་པ་སི་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་གདམ་ག་བྱས་པར་བརྩི་འཇོག་བྱ་རྒྱུ་དང་། ཁེ་རི་པ་སི་ཕྱོགས་དང་མཐོ་རིམ་དང་རིམ་པ་ཁག་དབར་གྱི་འགྲོ་འོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། ཕྱོགས་གཉིས་པོས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གླེང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་ལམ་སྲོལ་ནང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུའི་མོས་མཐུན་ཡོད་ལུགས་བརྗོད་པ་རེད།
     གཉིས་པ། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་དགོས། ཕྱི་འབྲེལ་སླར་གསོ་བྱས་ཚུན། ཀྲུང་ཁེ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཐོག་མའི་གྲུབ་འབྲས་མི་ཉུང་བ་ཐོབ་ཡོད། ད་ཐེངས་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བསམ་ཤེས་དྲན་ཐོ་སོགས་ཡིག་ཆར་མིང་རྟགས་བཀོད་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ“ཁེ་རི་པ་སིའི་ལོ་20ཡི་འཕེལ་རྒྱས་འཆར་འགོད”དང་ཕན་ཚུན་འབྲེལ་མཐུད་བྱས་ནས་ཕྱོགས་གཉིས་པོའི་དབར་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུའི་ལས་སྟེགས་དང་ཁྲིད་སྟོན་མཁོ་འདོན་བྱས་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། ཞིང་ལས་ཉ་ལས། རྨང་གཞིའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རྒྱུན་མཐུད་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུའི་མོས་མཐུན་བྱས་ཡོད།
     གསུམ་པ། མི་ཆོས་རིག་གནས་སྤེལ་རེས་སྔར་བས་བྱེད་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་དང་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོ་ཆེ་མོའི་ཐོག་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་འབྲེལ་ཟམ་བསྐྲུན་རྒྱུའི་མོས་མཐུན་བྱས་པ་རེད། ཁེ་རི་པ་སི་ནི་འཛམ་གླིང་ཐོག་གི་ཐིག་དམར་འཕྲེད་བརྒལ་དང་རྒྱལ་སྤྱིའི་ཚེས་གྲངས་འགྱུར་ལྡོག་ས་ཐིག་གཞུང་བརྒལ་བྱེད་པའི་རྒྱལ་ཁབ་འབའ་ཞིག་དེ་ཡིན་པ་དང་། ལོ་གསར་བསུ་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་ཡིན་ལ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེ་རི་པ་སི་ནི་ཀྲུང་གོའི་སྤྱི་དམངས་ཚོགས་པ་བསྒྲིགས་ནས་ཡུལ་སྐོར་བྱེད་པའི་དམིགས་སའི་རྒྱལ་ཁབ་ཁོངས་སུ་བཅུག་པས་འབྱུང་འགྱུར་ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བ་ཁེ་རི་པ་སིའི་མཛེས་ལྗོངས་ལ་ལྟ་བར་འགྲོ་རྒྱུའི་ཡིད་ཆེས་ཡོད།
    “ཀྲུང་ཁེའི་འབྲེལ་བ་སླར་གསོ་ཐུབ་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དོན་དངོས་ཐོག་ནས་ར་འཕྲོད་བྱུང་ཡོད། ཀྲུང་ཁེའི་འབྲེལ་བ་མ་འོངས་པར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་གཡུར་ཟའི་གྲུབ་འབྲས་སྔར་བས་མང་བ་ཐོབ་སྟེ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་ཀེང་ཧྲོང་གིས་བརྗོད།