འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་9ཉིན།

༄༅།།དབྱི་རན་གྲོས་ཚོགས་ཀྱིས་ཨ་དམག་དང་ཨ་རིའི་རྒྱལ་སྲུང་པུའུ“འཇིགས་སྐུལ་རྩ་འཛུགས”
གྲས་སུ་འཇུག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐེ་ཧེ་རན་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། དབྱི་རན་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་ནས་ཚེས་7ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྲོས་ཚོགས་ཀྱིས་དེ་ཉིན་ཛ་དྲག་གི་འཕྲལ་འདོན་གྲོས་གཞི་ཞིག་ལ་གྲོས་འཆམ་བྱས་ནས་ཨ་དམག་དང་ཨ་རིའི་རྒྱལ་སྲུང་པུའུ“འཇིགས་སྐུལ་རྩ་འཛུགས”གྲས་སུ་འཇུག་རྒྱུ་ཡིན་པ་རེད།
     གནས་ཚུལ་སྤེལ་བའི་ནང་། དབྱི་རན་གྲོས་ཚོགས་ཀྱིས་ཉིན་དེར་འདེམས་ཤོག་འཕངས་ནས་གྲོས་འཆམ་བྱུང་བའི་ཛ་དྲག་གི་འཕྲལ་འདོན་གྲོས་གཞི་ལས་ཨ་དམག་དང་ཨ་རིའི་རྒྱལ་སྲུང་པུའུ“འཇིགས་སྐུལ་རྩ་འཛུགས”གྲས་སུ་བཅུག་ནས་ཨ་རིའི་རྒྱལ་སྲུང་པུའི་མི་སྣ་ཡོངས་དང་། ཁོངས་གཏོགས་སྒྲིག་གཞི། དེ་བཞིན་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་ཁོངས་གཏོགས་ཀྱི“གནས་མཆོག་ལུའེ་ཤོག”གི་བཀོད་འདོམས་དཔོན་སུའུ་ལའེ་མན་ཉི་གསོད་པའི་ཇུས་འགོད་དང་ལག་བསྟར་བྱེད་མཁན་ཨ་དམག་གི་བཀོད་འདོམས་དཔོན་བཅས་མིང་ཐོ་ནག་པོའི་ནང་འཇུག་རྒྱུའི་གཏན་འབེབས་བྱས་པ་རེད།
     འཕྲལ་འདོན་གྲོས་གཞི་དེ་གཞིར་བཟུང་། དབྱི་རན་སྲིད་གཞུང་གིས“གནས་མཆོག་ལུའེ་ཤོག”ལ་ཡོ་སྒོར་དུང་ཕྱུར་2སྤྲད་ནས་དེའི་འགོག་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ་རེད། དབྱི་རན་ཕྱོགས་ཀྱིས་འཕྲལ་འདོན་གྲོས་གཞི་དེའི་ནང་དོན་དེ་བས་མང་བ་གསལ་བསྒྲགས་བྱས་མེད།
     དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཧྥུའུ་ཡིས། ཚེས་7ཉིན་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་དམག་གིས་སུའུ་ལའེ་མན་ཉི་བསད་པ་ནི་འཇིགས་སྐུལ་རིང་ལུགས་རྒྱལ་ཁབ་ཀྱི་བྱེད་སྤྱོད་ཅིག་རེད་ཅེས་བརྗོད་པ་རེད།