འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་9ཉིན།

༄༅།།ཕོར་ཐིའུ་ཀལ་གྱི་མཚོ་དམག་གི་སྦྱོང་བརྡར་དམག་གྲུས་མའེ་ཀྲི་ལུང་གི་སའི་གོ་ལ་སྐོར་བའི་
མཚོ་ཐོག་འགྲུལ་བཞུད་བསྐྱར་དུ་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཕོར་ཐིའུ་ཀལ་གྱི་མཚོ་འགྲུལ་མཁས་ཅན་མའེ་ཀྲི་ལུང་གིས་སའི་གོ་ལ་སྐོར་བའི་མཚོ་ཐོག་འགྲུལ་བཞུད་ཐེངས་དང་པོ་བྱས་ནས་ལོ་ངོ་500འཁོར་བར་དྲན་གསོ་ཞུ་ཆེད། ཕོར་ཐིའུ་ཀལ་གྱི་མཚོ་དམག་སྦྱོང་བརྡར་གྲུ་གཟིངས་ས་ཀེ་ལི་ཧྲེན་རྟགས་ཅན་དེ་ཚེས་5ཉིན་རྒྱལ་ས་ལི་སི་པོན་ནས་ཐོན་ཏེ་དུས་ཡུན་ཉིན་371གི་མཚོ་ཐོག་འགྲུལ་བཞུད་ལམ་བུ་དངོས་སུ་བྱེད་འགོ་ཚུགས་པ་རེད།
    ས་ཀེ་ལི་ཧྲེན་རྟགས་ཅན་གྱི་གྲུ་གཟིངས་ནང་གྲུ་པ་144ཡོད་པ་དང་། ཁོང་ཚོས་མའེ་ཀྲི་ལུང་གིས་སའི་གོ་ལ་སྐོར་བའི་མཚོ་ལམ་བརྒྱུད་མཚོ་ཐོག་འགྲུལ་བཞུད་བྱ་རྒྱུ་ཡིན་ཞིང་། ཡོ་རོབ་དང་། ཧྥེ་གླིང་། ཨེ་ཤེ་ཡ། མེ་གླིང་བཅས་ཀྱི་རྒྱལ་ཁབ་དང་ས་ཁུལ་19བརྒྱུད་ནས། ལམ་བར་དུ་ཀྲུང་གོའི་ཧྲང་ཧའེ་ཚུད་པའི་གྲུ་ཁ་22སུ་སྡོད་རྒྱུ་དང་། མཚོ་འགྲུལ་ལམ་ཐིག་ཧྲིལ་པོར་མཚོ་ལེ་ཁྲི་4.1ཡོད་པ་དང་འཆར་གཞི་ལྟར་ན། 2021ལོའི་ཟླ་དང་པོར་གྲོང་ཁྱེར་ལི་སོ་པོན་དུ་ཕྱིར་ལོག་ཐུབ་རྒྱུ་རེད།
    མཚོ་ཐོག་འགྲུལ་བཞུད་བཀོད་སྒྲིག་ལ་གཞིགས་ན། ས་ཀེ་ལི་ཧྲེན་རྟགས་ཅན་གྲུ་གཟིངས་ད་དུང་ཕོར་ཐིའུ་ཀལ་གྱི་གཟུགས་བརྙན་ཕོ་ཉའི་མིང་ཐོག་ནས་འདི་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་རི་པིན་གྱི་ཐོ་ཁེའོ་རུ་ཁ་བཀག་ནས་འཛམ་གླིང་གི་མི་རྣམས་ལ་ཕོར་ཐིའུ་ཀལ་གྱི་ལོ་རྒྱུས་དང་རིག་གནས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།
    ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སོའུ་ས་ཡིས་གྲུ་གཟིངས་རྡོག་ཐོན་གྱི་མཛད་སྒོའི་ཐོག་ད་ཐེངས་ཀྱི་མཚོ་ཐོག་འགྲུལ་བཞུད་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པས། གྲུ་པ་དང་ཁོང་ཚོའི་ནང་མི་ཚོས་ཕོར་ཐིའུ་ཀལ་གྱི་རིག་གནས་བརྒྱུད་བསྒྲགས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
    ས་ཀེ་ལི་ཧྲེན་རྟགས་ཅན་གྲུ་གཟིངས་ནི་ཕོར་ཐིའུ་ཀལ་མཚོ་དམག་གི་གཡོར་གྲུའི་སྦྱོང་བརྡར་དམག་གྲུ་གྲགས་ཅན་ཞིག་ཡིན་པ་དང་1962ལོ་ནས་ད་བར་མཚོ་དམག་གིས་སྤྱད་ཡོད།