འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་4ཉིན།

༄༅།།ཀན་སུའུ་དང་མཚོ་སྔོན་སྦྲེལ་མཐུད་བྱེད་པའི་ཟམ་ཆེན་གསར་པ།

—— ཁྲོན་ཧའེ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་04ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་2019ལོའི་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀན་སུའུ་དང་མཚོ་སྔོན་གཉིས་སྦྲེལ་མཐུད་བྱེད་པའི་ཁྲོན་ཧའེ་ཟམ་ཆེན་ཟླ་12ཚེས་31ཉིན་དངོས་སུ་ཤར་གཏོང་བྱས་ནས་སྐྱེལ་གཉེར་བྱེད་འགོ་ཚུགས་ཤིང་། རླངས་འཁོར་ཤར་གཏོང་ཐུབ་རྗེས། ཀན་སུའུ་ལན་ཀྲོའུ་ཧུང་ཀུའུ་ཆུས་ནས་མཚོ་སྔོན་དམར་གཙང་རྫོང་དབར་དེ་སྔར་རླངས་འཁོར་སྐར་མ་40བསྐྱོད་དགོས་པ་ནས་ད་ཆ་སྐར་མ་5ལ་སླེབས་ཀྱི་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་ཧའེ་ཟམ་ཆེན་ནི་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཧུང་ཀུའུ་ཆུས་དང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དམར་གཙང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་འདྲེས་མཚམས་ཀྱི་ཙོང་ཆུའི་སྟེང་དུ་བརྒྱབ་ཡོད་ཅིང་། ཟམ་པ་ཧྲིལ་པོར་རིང་ཚད་སྨི་1656དང་ཞེང་ཚད་སྨི་31ཡོད་པ་སྟེ། རིམ་པ་གཉིས་པའི་གཞུང་ལམ་ཀྱི་ཚད་གཞི་ལྟར་བསྐྲུན་ཡོད་པས་ཕྱོགས་གཉིས་སུ་འཁོར་ལམ་དྲུག་ཡོད་པ་དང་འཁོར་སྐྱོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་40ཟིན་གྱི་ཡོད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། ཁྲོན་ཧའེ་ཟམ་ཆེན་ཤར་གཏོང་ཐུབ་རྗེས། ངོགས་གཉིས་སུ་འཁོར་རིགས་སྐྱོད་པར་ནུབ་ངོགས་ཀྱི་སྤྱི་ལེ་7ལྷག་ཙམ་སར་ཡོད་པའི་ཤང་ཐང་ནུབ་ལམ་ཟམ་པའམ་ཡང་ན་ཤར་ངོགས་ཀྱི་སྤྱི་ལེ་10ལྷག་ཙམ་སར་ཡོད་པའི་མཐུན་སྒྲིལ་ཟམ་པ་བརྒྱུད་མི་དགོས་པར། ཧུང་ཀུའུ་ཆུས་དང་དམར་གཙང་རྫོང་དབར་ཐད་ཀར་སྦྲེལ་ཡོད་པས། ས་ཁུལ་དེ་གཉིས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་དང་། རིག་གནས་མཉམ་འདྲེས་དང་དམངས་སེམས་གཅིག་སྦྲེལ་ཡོང་བར་སྐུལ་འདེད་ཐེབས་རྒྱུ་ཡིན་པ་རེད།
    “ལན་ཀྲོའུ—ཟི་ལིང་གྲོང་ཁྱེར་ཚོམ་བུ”འཛུགས་སྐྲུན་གྱི་ལས་གྲྭ་གཙོ་བོ་ཞིག་ཡིན་པའི་ཁྲོན་ཧའེ་ཟམ་ཆེན་ནི། ཀན་སུའུ་དང་མཚོ་སྔོན་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་ཆེན་པོ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ད་དུང་ཀན་སུའུ་དང་མཚོ་སྔོན་གྱི་ས་ཁོངས་མཉམ་ལས་དཔེ་སྟོན་ཁུལ་གཏོད་པ་སོགས་ལ་སྒྲོག་ཐག་ལྟ་བུའི་དགེ་མཚན་འདོན་སྤེལ་ཐུབ་རྒྱུ་ཡིན་པ་རེད།