འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་2ཉིན།

༄༅།།ལང་ཚོ་སྐྱེས་སུ་ཕུལ་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ།

—— ཀན་ལྷོ་ཀྲོའུ་འབྲུག་ཆུ་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་དེ་ སྔའི་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཅོན་འདས་པོའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་02ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེ་ཆར། ཀན་ལྷོ་ཀྲོའུ་ཡི་ལས་བྱེད་པ་དང་མང་ཚོགས་ཚོའི་སྐད་འཕྲིན་ནང་། འབོལ་རྩོམ་ཞིག་བརྒྱུད་སྐུར་བྱེད་བཞིན་ཡོད་པ་རེད། བབ་ཆགས་པའི་ཚིག་སྦྱོར་གྱིས་མི་གྲངས་ལས་འདས་པར་སེམས་འགུལ་ཐེབས་ཡོད།
    འབོལ་རྩོམ་དེ་ནི། ཀན་ལྷོ་ཀྲོའུ་ཡི་གཞུང་དོན་ཆེད་དུ་རང་སྲོག་ཤོར་བའི་ཀྲང་ཞའོ་ཅོན་ལ་བྲིས་པ་ཞིག་རེད།
    ན་ནིང་ཟླ་10ཚེས་7ཉིན་གྱི་ཆུ་ཚོད་19དང་སྐར་མ་40ལྷག་ཙམ་ལ། ཀན་ལྷོ་ཀྲོའུ་འབྲུག་ཆུ་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཅོན་གྲོང་གསེབ་ཏུ་བསྐྱོད་དེ་ཕྱིར་ལོག་པའི་ལམ་བར་དུ། སྟབས་མ་ལེགས་པར་རླངས་འཁོར་གཙང་པོའི་ནང་ལྷུང་ནས་གཞུང་དོན་ཆེད་དུ་རང་སྲོག་ཤོར་བ་རེད།
     ཁོང་མི་ཡུལ་དུ་ལོ་34ལས་མ་བསྡད་ཀྱང་། དུས་ཐུང་གི་མི་ཚེ་འདིའི་ནང་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་ཡོན་ཞིག་གིས་ལེགས་སྐྱེས་འབུལ་བའི་བསྟོད་གླུ་ཞིག་བརྩམས་ཡོད་པ་རེད།
     2003ལོར། ཀྲང་ཞའོ་ཅོན་འབྲུག་ཆུ་རྫོང་ཡོངས་ཀྱི་རིག་གནས་ཚན་ཁག་གི་ཨང་དང་པོའི་རྒྱུགས་འབྲས་ཐོག་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་དུ་རྒྱུགས་འཕྲོད་པ་རེད། ཕ་ཡུལ་དང་ཁ་བྲལ་ནས་པེ་ཅིང་དུ་སློབ་སྦྱོང་ལ་འགྲོ་བའི་ཉིན་དེར། ཁྱིམ་མཚེས་ཚང་མས་སྟར་ཁ་དང་སྦྲང་རྩི་སོགས་ཡུལ་ཟོག་འཁྱེར་ནས་ཁོ་མོར་སྐྱེལ་མ་བྱས་པ་རེད། པེ་ཅིང་དུ་སྐྱོད་པའི་མེ་འཁོར་ཐོག ཀྲང་ཞའོ་ཅོན་གྱིས་ཨ་ཕར“ང་ཕྱིས་སུ་འཇོན་ཐང་ཅན་ཞིག་ཏུ་གྱུར་རྗེས་ཕ་ཡུལ་དུ་ལོག་ནས་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བརྗོད་པ་རེད།
     2010ལོར་འབྲུག་ཆུར“8·7”འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་སྐབས། ཉེན་ཁ་ཆེན་པོ་དང་དཀའ་ཚེགས་ཆེན་པོ་ཡོད་སར་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་མ་གཏོགས་བསྐྱོད་ཆོག་གི་མེད། རོགས་སྐྱོབ་འཐབ་ས་དང་པོར་སྐྱོད་ཆེད། ཀྲང་ཞའོ་ཅོན་གྱིས་རང་འགུལ་ངང་ཏང་ཞུགས་རེ་ཞུའི་ཡི་གེ་ཕུལ་ནས་གཟི་བརྗིད་ལྡན་པའི་ཏང་ཡོན་ལ་གྱུར་བ་རེད།
     ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཀྲང་ཞའོ་ཅོན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བརྟན་པོར་བཅངས་ནས་ལས་ཀ་གང་བྱས་ཀྱང་ཀུན་ལ་མིག་དཔེ་སྟོན་གྱི་ཡོད། ཆུ་བར་ཤང་གི་ཤང་ཀྲང་གཞོན་པ་དང་ཤང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་ལས་འགན་འཁུར་རིང་། ལས་ཀ་བྲེལ་བ་ཆེ་ཡང་ཁོང་གིས་ཉིན་ལྟར་གྲོང་ཚོར་བསྐྱོད་དེ། ཞིང་དུད་ཚང་མར་སྲིད་ཇུས་དྲིལ་བསྒྲགས་དང་ཐོན་ལས་འཕེལ་རྒྱས་འཆར་འགོད་སོགས་ཀྱི་ལས་ཀ་བསྒྲུབས་པ་རེད།
     2016ལོའི་ཟླ་དང་པོར། ཤང་དང་གྲོང་རྡལ་དུ་ལས་ཀ་བྱས་ནས་ལོ་8ཕྱིན་པའི་ཀྲང་ཞའོ་ཅོན་གྱི་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་རྐྱེན། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་རྫོང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས་པ་རེད།
    འབྲུག་ཆུ་རྫོང་གི་མི་འབོར་དབུལ་པོའི་གཞི་གྲངས་ཆེ་ཞིང་དབུལ་པོ་ཆགས་པའི་རྒྱུ་རྐྱེན་མང་སྟབས། གནད་སྨིན་དབུལ་སྐྱོར་ལས་དོན་ཡག་པོ་སྤེལ་དགོས་ན། ངེས་པར་དུ་སྲིད་ཇུས་ཁོང་དུ་ཡག་པོ་ཆུད་དགོས། དེར་བརྟེན། ཀྲང་ཞའོ་ཅོན་གྱིས་རང་ངོས་ཀྱི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱས་ནས། དུད་ཚང་རེ་རེའི་དོན་དངོས་དང་བསྟུན་ནས་བཏོན་པའི་ཇུས་གཞི་ཡང་དག་འཁྲུལ་མེད་ཡོང་བའི་འགན་ལེན་བྱས་ཤིང་། ལོ་3རིང་། ཁོང་འབྲུག་ཆུ་རྫོང་གི་གྲོང་ཚོ་དབུལ་པོ་ཚང་མར་བསྐྱོད་དེ་དབུལ་སྒྲོལ་གྱི་གྲངས་གཞི་དང་། ཚད་གཞི། གཏན་འབེབས། སྲིད་ཇུས་སོགས་ཚང་མ་ཁོང་དུ་ཡག་པོ་ཆུད་པར་བྱས་ཡོད། རྒྱུ་རྐྱེན་དེའི་དབང་གིས་ཤང་དང་གྲོང་རྡལ་ཁག་དང་སྡེ་ཚན་ཁག་གི་ཆུ་ཚོད་24ཡི“ལས་སྒོའི་འབྲེལ་གཏུག་པར”གྱུར་ཏེ། ཀུན་གྱིས་འབྲུག་ཆུ་དབུལ་སྐྱོར་གྱི“སྐོར་སྐྱོད་གྲངས་གཞིའི་མཛོད”དང“ཚིག་མཛོད་གསོན་པོ”ཞེས་བརྗོད་ཀྱི་ཡོད།
     “དུས་རབས་གསར་པའི་ན་གཞོན་ཞིག་ཡིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་ཡོད་པའི་ང་ཚོར་མཚོན་ན། སྤྱིར་བཏང་གི་ལས་གནས་ཐོག་ནས་སྤྱིར་བཏང་མིན་པའི་ལས་ཀ་བྱེད་པ་ནི་ལང་ཚོའི་ཕུགས་འདུན་དོན་གཉེར་བྱས་པ་ཞིག་ཡིན”ཞེས་ཀྲང་ཞའོ་ཅོན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་དམ་བཅའ་ལག་བསྟར་བྱས་ནས། ལང་ཚོར་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བསྟོད་གླུ་ཞིག་བརྩམས་པ་རེད།