འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་30ཉིན།

༄༅།།ཡུན་ནན་བདེ་ཆེན་གྱིས་དམངས་ཕན་ཡུལ་སྐོར་གྱི་སྲིད་ཇུས་ མང་དག་ཅིག་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་30ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་རླུང་འཕྲིན་དྲ་བའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་ཡུན་ནན་ནུབ་རྒྱུད་ཡུལ་སྐོར་ལམ་ཐིག་སྟེ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི“ལག་ཐོགས་ཁ་པར་གཅིག་ལས་ཡུན་ནན་འགྲིམ”ཞེས་པའི་དྲ་གཤམ་གྱི་དགུན་དུས་ཡུལ་སྐོར་ཐོན་ཟོག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། འཁོར་ཁྲིད་ཡུལ་སྐོར་གྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་ནས་དགུན་དུས་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་པོ་ཡོང་ཆེད། དཔྱིད་གསར་དུས་ཆེན་རིང་། བདེ་ཆེན་ཀྲོའུ་ཡིས་རིན་མི་དགོས་པར་འཁོར་རིགས་གེགས་བར་ལས་སྐྱོབ་པ་དང་གསོ་རླུང་རིན་མི་དགོས་པར་མཁོ་སྤྲོད་ཀྱི་ཞབས་ཞུ་བྱེད་པ་དང་། དེ་བཞིན་ཡུལ་སྐོར་ལས་དོན་ཁང་དང་མཁའ་འགྲུལ་གྱི་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པ་དང་ཆབས་ཅིག བཟའ་བཏུང་ཁེ་ལས་དང་མགྲོན་ཁང་ཁེ་ལས་ལ་ཁ་གསབ་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱེད་པ་ལ་སོགས་པའི་དམངས་ཕན་སྲིད་ཇུས་མང་པོ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
    གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཚེས་18ཉིན་ནས་བཟུང་། བདེ་ཆེན་དུ་ཡོང་བའི་ཡུལ་གཞན་གྱི་འཁོར་ཁྲིད་ཡུལ་སྐོར་བའི་རླངས་འཁོར་ལ་ཆག་སྐྱོན་བྱུང་ཚེ་ཐད་སྦྲེལ་ཁ་པར་0877—8882222བརྒྱབ་ནས་འབྲེལ་གཏུག་བྱེད་ཆོག་པ་དང་། བདེ་ཆེན་ཀྲོའུ་ཡིས་རླངས་འཁོར་ལ་རིན་མི་དགོས་པར་ཉམས་གསོ་བྱེད་ངེས་རེད་ལ། དེའི་ཐད་ཀྱི་འགྲོ་སོང་ཡང་ཀྲོའུ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྤྲོད་རྒྱུ་རེད། དེ་མཚུངས་སུ་བདེ་ཆེན་ཀྲོའུ་མི་དམངས་སྨན་ཁང་གིས་ཆེད་མངགས་གསོ་རླུང་རྔུབ་ས་བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་བས་རིན་མི་དགོས་པར་གསོ་རླུང་རྔུབ་ཆོག་པ་དང་། དེའི་ཐད་ཀྱི་འགྲོ་སོང་ཡང་ཀྲོའུ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་འགན་འཁུར་རྒྱུ་ཡིན་པ་རེད།
    དེ་དང་ཆབས་ཅིག 2019ལོའི་ཟླ་12ཚེས་1ཉིན་ནས་2020ལོའི་ཟླ་2ཚེས་28ཉིན་བར། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གིས་སྣེ་ལེན་ཞུས་པའི“ཡུན་ནན་ཞིང་ཆེན་ཡུལ་སྐོར་ཁྲོམ་རའི་གློག་རྡུལ་ལྟ་འདོམས་མ་ལག”བརྒྱུད། བདེ་ཆེན་གྱི་སེམས་ཀྱི་ཉི་ཟླར་ཡོང་བའི་ཡུལ་སྐོར་བ་1500ཡན་ཟིན་ཚེ་བྱ་དགའ་སྒོར་5000ཡན་སྤྲོད་རྒྱུའི་ཁར། མི་500རེ་མང་དུ་སོང་རིགས་ལ་བྱ་དགའ་(ཡུལ་སྐོར་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་རྩིས་མེད་བཏང་རིགས་ལ་བྱ་དགའ་སྤྲོད་རྒྱུ་མིན)སྒོར་5000བསྐྱར་དུ་སྤྲོད་རྒྱུ་རེད། ཞིང་ཆེན་གཞན་དུ་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ཏེ་བདེ་ཆེན་ཀྲོའུ་རུ་ཡུལ་སྐོར་ལ་འཁྲིད་མཁན་གྱི་ཡུལ་སྐོར་ལས་དོན་ཁང་ལ། དུས་གཏན་གནམ་གྲུ་རེའི་ནང་གི་ཚོགས་པའི་མི་གྲངས་15ཡན་ཟིན་ཁར། དུས་གཏན་གནམ་གྲུ་འཕུར་འབབ་བྱེད་ས་སེམས་ཀྱི་ཉི་ཟླ་ཡིན་རིགས་ལ་མི་རེར་ཆ་སྙོམས་སྒོར་300ཡི་ཁ་གསབ་སྤྲོད་རྒྱུ། དུས་གཏན་གནམ་གྲུ་འཕུར་འབབ་ཀྱི་ཕྱོགས་གཅིག་སེམས་ཀྱི་ཉི་ཟླ་ཡིན་རིགས་ལ་མི་རེར་ཆ་སྙོམས་སྒོར་100ཡི་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།
     ཚེས་18ཉིན་ནས་2020ལོའི་ཟླ་3ཚེས་1ཉིན་བར། བཟའ་བཏུང་ཁེ་ལས་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། 2020ལོའི་དཔྱིད་གསར་དུས་ཆེན་གྱི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བདེ་ཆེན་རྫོང་གྲོང་དུ་རྒྱུན་གཏན་ལས་གཉེར་བྱེད་པའི་བཟའ་བཏུང་ཁེ་ལས་ཀྱིས་དུས་ཐེངས་གཅིག་ལ་ཆུ་གློག་གི་ཁ་གསབ་སྒོར་300ལེན་ཆོག་པ་མ་ཟད། བདེ་ཆེན་ཀྲོའུ་ཡི་སྐར་མ་རིམ་པ་5ཡི་གསོལ་མགྲོན་ཁང་རྩེར་སོན་དང་མི་སེར་གསོལ་མགྲོན་ཁང་སྤུས་དག་རེར་ཆུ་གློག་འགྲོ་སོང་སྒོར་1000ཁ་གསབ་སྤྲོད་རྒྱུ་དང་། མགྲོན་ཁང་ཁེ་ལས་ཕལ་པ་600རེ་རེར་སྒོར་500ཡི་ཁ་གསབ་སྤྲོད་རྒྱུ་རེད།
     གཞན་ཡང་ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང“འཛམ་གླིང་གི་སེམས་ཀྱི་ཉི་ཟླ”དང“ལྟ་སྐོར་གསུམ་དང་ཉམས་ལེན་གཅིག”གི་དགུན་དུས་ཡུལ་སྐོར་ཐོན་ཟོག་གི་ལམ་ཐིག་སྟེ། ཁ་བའི་མཛེས་ལྗོངས་དང་། འདབ་ཆགས་ཀྱི་མཛེས་ལྗོངས། ཉི་འོད་འཕྲོ་བའི་རི་བོ་ལ་སོགས་པའི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་དང་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཉམས་ལེན་གྱི་བྱེད་སྒོའི་སྐོར་ཡང་ངོ་སྤྲོད་བྱས་པ་རེད།
     དགུན་དུས་ཀྱི་བདེ་ཆེན་ནི་ཁ་བའི་ཡུལ་ལྗོངས་ལ་རོལ་བའི་གནས་མཆོག་ཅིག་ཡིན་ཞིང་། ཁ་བ་བབས་རྗེས་སེམས་ཀྱི་ཉི་ཟླར་དར་དཀར་བཀླུབས་པ་ལྟར་སྣང་ལ། གྲོང་ཁྱེར་དུ་རབ་དཀར་སེང་རས་སྲབ་མོ་གཡོགས་པ་ལྟར་ཤིན་ཏུ་མཛེས། པོ་ཏ་མཚོ་དང་། གནས་ཆེན་ཁ་བ་དཀར་པོའི་གླེགས་བམ་རྦབ་ཆུ། མེ་ལོང་འཁྱགས་རོམ། ནགས་ཕག་མཚོ། སྲོང་བཙན་གླིང་དགོན་པ། རྡོ་མཁར་རྫོང་སོགས་ཀྱི་ཡུལ་ལྗོངས་མཛེས་ལ་ཉམས་དགའ་བ་ཞིག་ཡོད་པ་རེད།
     དགུན་དུས་ནི་བདེ་ཆེན་རྫོང་གི་གནས་ཆེན་ཁ་བ་དཀར་པོར་ཉི་འོད་འཕྲོ་བའི་མཛེས་ཉམས་ལ་ལྟ་བའི་དུས་ཡག་ཤོས་དེ་ཡིན་པ་དང་། “གནས་ཆེན་ཁ་བ་དཀར་པོར་ཉི་འོད་འཕྲོ་བའི་མཛེས་ཉམས”བརྗོད་དོན་གཙོ་བོར་བྱས་པའི“འཛམ་གླིང་གི་སེམས་ཀྱི་ཉི་ཟླའི”དགུན་དུས་པར་རྒྱག་འགྲུལ་བཞུད་ཀྱང་མི་རིང་བར་གཉེར་རྒྱུ་ཡིན་ལ། དེ་ནི་བདེ་ཆེན་རིག་གནས་ཡུལ་སྐོར་ཅུས་ཀྱིས་པར་རྒྱག་མཁས་ཅན་དང་པར་རྒྱག་དགའ་ཞེན་པར་ཆེད་མངགས་ཇུས་འགོད་བྱས་པའི་དགུན་དུས་ངོ་མཚར་མཛེས་ལྗོངས་ཀྱི་འགྲུལ་སྐྱོད་དང་ཡིད་འོང་ཉམས་དགའི་འགྲུལ་སྐྱོད་ཅིག་ཀྱང་ཡིན་པ་རེད།