མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་24ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་12ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།

ཟླ་12ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཨན་པེ་ཅིན་སན་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་གསུམ་གྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་བརྒྱད་པར་ཞུགས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་རྒྱུན་མཐུད་ངང་ལེགས་སུ་དང་འཕེལ་རྒྱས་ཕྱིན་ཡོད། ད་ལོའི་ཟླ་6པར་ང་དང་སྐུ་ཞབས་དབུ་བཞུགས་བློན་ཆེན་ཏ་པན་དུ་མཇལ་འཛོམས་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཀྲུང་རིའི་འབྲེལ་བ་འཛུགས་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གསར་པ་ཐུན་མོང་ཐོག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། མིག་སྔར། ཀྲུང་གོ་དང་རི་པིན་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཅས་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད། དུས་བབ་དེ་བས་རྙོག་འཛིང་ཆེ་ནའང་། ང་ཚོས་དེ་བས་བློ་རྩ་བརྟན་པོའི་ངང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ང་ཚོར་མཐོ་འཛེགས་རྒྱང་ལྟ་བྱེད་པའི་ཁྱོན་ཡོངས་ཀྱི་མཐོང་རྒྱ་དེ་བས་ལྡན་དགོས། དུས་རབས་གསར་པའི་ཀྲུང་རིའི་འབྲེལ་བ་ཇུས་འགོད་བྱེད་པར་དང་ཐོག་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་ཁ་གསལ་ཡོང་བ་བྱེད་དགོས། གོ་ལ་ཧྲིལ་པོའི་མཐོང་རྒྱ་ཆེན་པོར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་བསམ་གཞིག་དང་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གི་རྨང་གཞིའི་ཐོག་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། ལག་གདང་སྦྲེལ་ནས་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། འདི་ཕྱོགས་གཉིས་པོས་དུས་རབས་གསར་པའི་ཀྲུང་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐུན་མོང་གི་འཐབ་ཇུས་ཁྲིད་སྟོན་དུ་འགྱུར་བ་བྱེད་དགོས། ཕྱོགས་གཉིས་པོས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱེད་པ་དང་། ཀྲུང་རིའི་དབར་གྱི་ཆབ་སྲིད་ཡིག་ཆ་བཞིས་གཏན་འཁེལ་བྱས་པའི་རྩ་དོན་ཁག་བརྩི་སྲུང་ནན་པོ་ཞུ་བ་།  ཚོར་བ་སྐྱེན་པའི་གནད་དོན་གལ་ཆེན་ཐག་གཅོད་འོས་འཚམ་བྱེད་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། འདི་ནི་ཕྱོགས་གཉིས་པོས་དུས་རབས་གསར་པའི་ཀྲུང་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས་པའི་རྩ་བ་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་ཟ་ཟིར་དང་གཡོ་འགུལ་མི་ཐེབས་པ་བྱེད་དགོས།  ཕྱོགས་གཉིས་པོས་ཀྲུང་རིའི་དབར“ཕན་ཚུན་མཉམ་ལས་རོགས་ཟླ་བྱེད་པ་ལས་ཕན་ཚུན་འཇིགས་སྐུལ་མི་བཟོ་བའི”ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ལག་ལེན་བསྟར་དགོས་པ་དང་། “འགྲན་རྩོད་དེ་མཐུན་སྦྱོར་དུ་བསྒྱུར་བའི”སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་བགྲོད་ལམ་ཐོག་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་སྤུས་ཚད་མཐོ་པོའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་རིའི་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མིས་བཟོས་རིག་ནུས་དང་། གྲངས་གཞི་ཆེ་མོ། ཟོག་འབྲེལ་དྲ་རྒྱ་སོགས་ཁྱབ་ཁོངས་སུ་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་ཀྱི་སྒོ་དབྱེ་དང་། དྲང་གཞག་ཁ་གསལ། མཐོང་ཆུང་རང་བཞིན་མིན་པ་བཅས་ཀྱི་གསར་གཏོད་ཁོར་ཡུག་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་རྒྱུར་འབད་བརྩོན་བྱེད་དགོས། རིག་གནས་དང་། ཡུལ་སྐོར། སློབ་གསོ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། གཞོན་ནུ་ལོ་ཆུང་དབར་གྱི་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་རྒྱ་ཆེར་གཏོང་བ། ཕར་ཕྱོགས་ཀྱིས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཀྱི་དམངས་སེམས་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་མཚན་ལྡན་པའི་བདེ་འཇགས་ཀྱི་འབྲེལ་བ་སྔར་བས་གཏོད་དགོས། རྒྱལ་སྤྱིའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་དང་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ཨན་པེ་ཅིན་སན་གྱིས་ད་ལོ་རི་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་པས་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། རི་ཀྲུང་འབྲེལ་བའི་འཕེལ་ཕྱོགས་ཡག་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་དེས་ས་ཁུལ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རི་པིན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་སང་ལོའི་དཔྱིད་ཀ་རི་པིན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུར་ཚད་མཐོའི་མཐོང་ཆེན་དང་རེ་སྒུག་བྱེད་ཀྱི་ཡོད། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་རི་ཀྲུང་གི་འབྲེལ་བ་འཛུགས་འདོད་ཡོད། རི་པིན་ཕྱོགས་ཀྱིས་ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། མ་འཇོག གསར་གཏོད། ཡུལ་སྐོར། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་མུ་མཐུད་རྒྱ་ཆེར་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
     དབྱང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

ཟླ་12ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།
ཟླ་12ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།

  
style="display:none;"