འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་24ཉིན།

༄༅༎སི་ཁྲོན་གྱི་ཤང་དང་གྲོང་རྡལ་ཆ་ཚང་ལ་མཁྲེགས་འགྱུར་ལམ་བུ་བཏིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་24ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་མི་བཟང་ཤང་དང་ཐང་ཤང་དུ་མཁྲེགས་འགྱུར་ལམ་བུ་བདེ་བླག་ངང་བཏིངས་པ་དེ་ལས་སི་ཁྲོན་གྱི་ཤང་གི་གཞུང་ལམ་མཇུག་ཤོས་དེ་ཤར་གཏོང་ཐུབ་ནས་ཤང་དང་གྲོང་རྡལ་དུ་མཁྲེགས་འགྱུར་ལམ་བུ་ཤར་གཏོང་ཐུབ་ཚད་100%ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད།
     མི་བཟང་ཤང་ནི་དཀར་མཛེས་ཀྲོའུ་ཉག་ཆུ་རྫོང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། མི་འབོར་བསྡོམས་འབོར་2026དང་ཁོངས་གཏོགས་སུ་སྒྲིག་ཚུད་གྲོང་ཚོ་7ཡོད། མི་བཟང་ཤང་དང་ཐང་ཤང་གི་མཁྲེགས་འགྱུར་ལམ་བུ་རིམ་བཞིའི་གཞུང་ལམ་གྱི་ཚད་གཞི་གཞིར་བཟུང་བསྐྲུན་ཡོད་པ་དང་སྤྱི་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་31.84ཡོད་པ་རེད། རྣམ་གྲངས་དེ་2017ལོའི་ཟླ་7པར་དངོས་སུ་ལས་འགོ་བཙུགས་པ་དང་སི་ཁྲོན་འགྲིམ་འགྲུལ་ལམ་ཟམ་ཚད་ཡོད་འགན་འཁྲི་ཀུང་སིས་བསྐྲུན་འགན་འཁུར་བ་རེད།
     རྣམ་གྲངས་དེའི་ལམ་ཐིག་ཧྲིལ་པོ་རི་མཐོ་དང་གྲོག་རོང་རྒྱུད་དུ་གནས་ཤིང་། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཇུས་འགོད་མི་སྣ་དང་མཉམ་དུ་ས་ཆ་དངོས་སུ་རྩད་ཞིབ་ཐེངས་མང་བྱས་རྗེས་གསར་དུ་བསྐྲུན་རྒྱུའི་ལམ་བུའི་ཇུས་འགོད་འཆར་གཞི་ལེགས་སྒྲིག་བྱས་ཏེ་ས་སློག་རྡོ་སློག་བྱེད་ཉུང་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད། ཨར་སྐྲུན་ཚན་པས་ཕྱོགས་ཁག་ཚང་མ་ནས་ལས་དོན་སྒྲུབ་པའི་བྱེད་སྟངས་སྤྱད་དེ་ལས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་བས། ལས་ཡུན་ཐུང་དུ་ནུས་ལྡན་ཕྱིན་པ་རེད།
     རྣམ་གྲངས་བསྐྲུན་ཟིན་རྗེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ནས་ལམ་རྒྱུད་མང་ཚོགས་5000ཙམ་ལ་ཕན་པ་བྱུང་སྟེ་ཁོང་ཚོ་དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་འགྲིམ་འགྲུལ་གྱི་འགན་ལེན་ནུས་ལྡན་ཡོང་རྒྱུ་རེད།
     གསར་འགོད་པར་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་རྩིས་བརྒྱབ་ན་སི་ཁྲོན་གྱིས་འགྲིམ་འགྲུལ་དབུལ་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་6000བཏང་སྟེ་ས་ཁུལ་དབུལ་པོའི་གཞུང་ལམ་སྣ་ཚོགས་སྤྱི་ལེ་ཁྲི་11གསར་སྐྲུན་བསྐྱར་སྐྲུན་བྱས་པའི་ཁྲོད་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་10ཚུད་པ་དེས་ས་ཁུལ་དབུལ་པོའི་འགྲིམ་འགྲུལ་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཡོང་བར་སྐུལ་འདེད་ཐེབས་ཡོད་པ་རེད།