འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་24ཉིན།

༄༅༎ཀན་སུའུ་དབྱང་ཅཱ་ཧོ་གྲོང་ཚོའི་ཕུགས་འདུན་མངོན་འགྱུར་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་24ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཚེས་21ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཁང་རྫོང་ཨན་མོན་ཁོའུ་གྲོང་རྡལ་དབྱང་ཅཱ་ཧོ་གྲོང་ཚོའི་ཐང་ཆེན་དུ་རྒན་གཞོན་ཚང་མས་སྐེ་དཀྲིས་དམར་པོ་དཀྲིས་ནས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་ཅིང་། ཟླ་བ་བཞིའི་གོང་གི་ཁོང་ཚོའི་ཕུགས་འདུན་མངོན་འགྱུར་བྱུང་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
     དབྱང་ཅཱ་ཧོ་གྲོང་ཚོ་ནི་ཁང་རྫོང་གི་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན་མོད། ལོ་ཁ་ཤས་རིང་འབད་འཐབ་བྱས་པ་བརྒྱུད། གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་མང་ཆེ་བའི་དབུལ་སྒྲོལ་ཕུགས་འདུན་མངོན་འགྱུར་བྱུང་ཡོད། འབབ་འཕར་བརྟན་པོ་ཡོང་ཆེད། དབྱང་ཅཱ་ཧོ་གྲོང་ཚོས་མཛེས་སྡུག་ལྡན་པའི་རི་ཆུ་ཀླུང་གསུམ་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་སེམས་ཐག་བཅད་པ་རེད། འདི་ལོའི་ལོ་འགོར། སྲིད་གཞུང་དང་རོགས་སྐྱོར་ཚན་པས་སྤྲད་པའི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་འོག དབྱང་ཅཱ་ཧོ་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་བདེ་བླག་ངང་སྐྲུན་འགོ་ཚུགས་པ་རེད། གྲོང་ཚོའི་དུད་ཚང་ཀུན་ལ་ཨར་འདམ་གྱི་ལམ་བུ་ཤར་གཏོང་དང་གནའ་ཉམས་དོད་པའི་སྡོད་ཁང་ཉམས་བཟོ་བྱས་པའི་ཁར་སྨྱུག་སྒོ་དང་། རྡོ་སྐས། ཆུ་ཕྲན། ཟམ་ཆུང་སོགས་མཛེས་ལྗོངས་འཆར་འགོད་བྱས་པས། དེ་སྔ་ཤིན་ཏུ་དབུལ་བའི་གྲོང་ཚོ་དབུལ་སྒྲོལ་ཐུབ་ནས་དབེན་པའི་སྐྱེད་ཚལ་ལྟ་བུར་གྱུར་ཡོད་པ་རེད།
     གྲོང་ཚོའི་རྣམ་པ་ལེགས་སུ་ཕྱིན་ཡང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་དཀའ་གནད་ཅིག་ཏུ་གྱུར།
     “རྒྱང་ལྟ་བྱས་ཚེ་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ཀྱང་། མི་སེར་ཚོའི་ཁྱིམ་དུ་འཛུལ་ཚེ་སྒོ་རའི་ནང་ཅ་དངོས་གང་སར་སྤུངས་ཤིང་ཐབ་ཀ་དུད་དྲེག་གིས་ནག་པོ་ཆགས་འདུག” སྔོན་ཆད་གྲོང་ཚོའི་ལས་བྱེད་པ་མི་སེར་ཚོའི་ཁྱིམ་དུ་བསྐྱོད་དེ་སློབ་གསོ་ཐེངས་མང་བརྒྱབ་ཀྱང་མང་ཚོགས་ཚོས་དེ་ནི་མི་སྒེར་གྱི་དོན་དག་ཡིན་པས་གྲོང་ཚོའི་ལས་བྱེད་པར་ཇུས་གཏོགས་མེད་ཅེས་བསམས་ནས་ཁ་ཡ་བྱེད་ཀྱི་མི་འདུག་ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐང་ཁེ་ལིན་གྱིས་བརྗོད།
     འགག་རྩའི་སྐབས་སུ། གནས་གཏན་འཁེལ་གྱིས་ཁང་རྫོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོ་བཟོ་སྐྲུན་མཛེས་བཟོ་ཚོགས་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁོང་ཚོ་དང་འཚམ་པའི་ཐག་གཅོད་ཇུས་གཞི་ཞིག་བཟོས་པ་རེད།
     འདི་ལོའི་ཟླ་བརྒྱད་པར། “སྐར་མ་བསགས་ནས་ཕུགས་འདུན་མངོན་འགྱུར་བྱེད། ལས་ལ་བརྩོན་ཏེ་གོམས་གཤིས་ངན་པ་བསྒྱུར”ཞེས་པའི་ཡ་རབས་གོམས་གཤིས་འཇགས་པར་བྱེད་པའི་བྱེད་སྒོ་དབྱང་ཅཱ་ཧོ་གྲོང་ཚོར་སྤེལ་འགོ་ཚུགས་པ་རེད། ཀྲུང་གོ་བཟོ་སྐྲུན་མཛེས་བཟོ་ཚོགས་པའི་རོགས་སྐྱོར་ལས་བྱེད་པ་དང་གྲོང་ཚོའི་ལས་བྱེད་པས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་གྲོང་མི་ཚོའི“རེ་འདུན་ཕྲན་བུ”བསྡུ་ལེན་བྱས་རྗེས་མི་སྒེར་གྱི་གཙང་སྦྲ་དང་སྡོད་མལ་ཁོར་ཡུག་ཚུད་པའི་སྐར་འགོད་ཞིབ་སྲོལ་བཅུ་བཟོས་ནས། གཟའ་འཁོར་རེ་རེའི་སྐར་མ་ཡོངས་བསྒྲགས་བྱས་མཐར་སྐར་གསོག་གི་མང་ཉུང་ལྟར་ཁྱིམ་ཚང་21གི“ཕུགས་འདུན་ཕྲན་བུ”སྐོང་གི་ཡོད་པ་རེད།
     “ང་ཚོས‘ཕུགས་འདུན་ཕྲན་བུ’བསྐངས་པ་བརྒྱུད། གྲོང་མི་ཚོའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས་ཚང་མར་གོམས་གཤིས་བཟང་པོ་དང་གོམས་གཤིས་གསར་པ་འཇགས་པར་བྱེད་རྩིས་ཡོད”ཅེས་ཀྲུང་གོ་བཟོ་སྐྲུན་མཛེས་བཟོ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་དབྱིན་གྱིས་བརྗོད།
     གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་རང་ཉིད་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་རེ་འདུན་བརྗོད་པ་སྟེ། “གལ་སྲིད་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་ཆེན་པོ་ཞིག་བྱུང་ཚེ། ཞིང་ལས་བྱས་ནས་ནང་དུ་ལོག་རྗེས་ཚ་བོ་དང་མཉམ་དུ་ཀོ་ཕིག་ལ་ལྟ་རྒྱུ་ཡོད”ཅེས་ལོ་56ལ་སླེབས་པའི་གྲོང་མི་ཀྲང་ཧྲུའུ་ལན་གྱིས་བརྗོད་པ་དང་། ལོ་57ལ་སླེབས་པའི་གྲོང་མི་ཀྲང་ཧྲོའུ་ཅིན་གྱིས“གལ་སྲིད་འཁྱགས་སྒམ་ཆེན་པོ་ཞིག་ཡོད་ཚེ། ནང་མི་ཚོས་ཉིན་ལྟར་འབྲས་ཚལ་སོས་པ་ཟ་ཐུབ”ཅེས་བརྗོད་པ་རེད།
     ཁོང་ཚོའི་ཕུགས་འདུན་འདི་དག་དང་མཉམ་དུ་པར་རྒྱག་མཁས་ཅན་གྱིས་བླངས་པའི་ཁོང་ཚོའི་འཚོ་བའི་པར་རིས་སྦྱར་ནས་རྒྱ་ཁྱབ་བརྡ་ཆ་བཟོས་ཏེ་གྲོང་ཚོའི་མངོན་གསལ་དོད་ས་ཞིག་ཏུ་སྦྱར་བ་རེད།
     གྲོང་པ་ཁྱིམ་མཚེས་ཚོའི་འདྲ་པར་རྒྱ་ཁྱབ་བརྡ་ཆའི་ཐོག་སྦྱར་བ་མཐོང་ཚེ། གྲོང་མི་ཚོའི་གཟི་བརྗིད་ཀྱི་བསམ་པ་སྔར་བས་ཟབ་ཏུ་ཕྱིན་ནས། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་དར་སྲོལ་ལྟ་བུ་ཞིག་ཏུ་གྱུར་པ་རེད། ཐང་ཁེ་ལིན་གྱིས། ཟླ་བ་ཁ་ཤས་རིང་། ལྟོ་སྣོད་དང་ཕོར་པ་སོགས་གཙང་མར་འཁྲུ་བ་དང་། སྡོད་ཁང་མདུན་རྒྱབ་ལ་གཙང་སྦྲ་བྱེད་པ་སོགས་བྱས་པས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བརྗོད་པ་རེད།
     འདི་ལོར་ལོ་40ལ་སླེབས་པའི་ཞཱ་ཧུང་མེ་ནི་དབྱང་ཅཱ་ཧོ་གྲོང་ཚོ་མེའོ་ཙི་ཕིང་ཧྲེའི་གྲོང་མི་ཡིན་ཞིང་། ཁོ་མོའི་ཁྱོ་གས་ལོ་འཁོར་མོ་ཡུག་ཏུ་ཕྱིར་ལས་ཀ་བྱེད་ཀྱི་ཡོད་ལ་ཁོ་མོས་བུ་ཕྲུག་ཉར་ནས་ནང་དུ་བསྡད་ཡོད་པས། ཁོ་མོ་གཅིག་པུས་ཁང་པའི་ཕྱི་ནང་གི་ལས་ཀ་ཚང་མ་བྱེད་ཐུབ་ཀྱི་མེད། “བྱེད་སྒོར་ཞུགས་ཚུན་དུ། གོམས་གཤིས་ཡག་པོ་འཇགས་ནས། སྡོད་ཁང་གི་མདུན་རྒྱབ་ཚང་མ་གཙང་སྦྲ་བྱས་པས་སྡོད་མལ་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད”ཅེས་ཞཱ་ཧུང་མེ་ཡིས་བརྗོད་པ་རེད།
     མི་ཚང་མ་མཛེས་པར་དགའ་བ་དང་མི་ཚང་མ་མཛེས་པ་རྒྱུན་འཁྱོངས་ཀྱི་བྱ་བ་བསྒྲུབ་རྒྱུར་སྤྲོ་བ་ཇི་བཞིན། གསར་དུ་བསྐྲུན་ཟིན་པའི་མཛེས་སྡུག་གྲོང་གསེབ་དབྱང་ཅཱ་ཧོ་ཡི་ག་ས་གང་དུ་མཛེས་ཉམས་ཤིག་མངོན་ཡོད། ཀྲུང་གོ་བཟོ་སྐྲུན་མཛེས་བཟོ་ཚོགས་པས་ཀྱང་ཁ་ཆད་ལྟར་མངོན་ཚུལ་ལེགས་པའི་ཁྱིམ་ཚང་གི་ཕུགས་འདུན་བསྐངས་པ་དང་ཆབས་ཅིག ཁྱིམ་ཚང་གཞན་དག་ལ་ཡང་དགུན་ཆས་སོགས་སྤྲད་པ་རེད།
     ཕུགས་འདུན་སྒྲུབ་པའི་བྱེད་སྒོ་སྤེལ་ཡུལ་དུ། ཞཱ་ཧུང་མེ་ལ་ཡུན་རིང་རེ་སྒུག་བྱས་པའི་ཆུ་ཚ་པོ་བཟོ་ཆས་རག་ནས་གདོང་ལ་འཛུམ་གྱིས་ཁེངས།