འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་24ཉིན།

༄༅།།གཏེར་སྒྲོམ་དགོན་པའི་རིག་དངོས་བརྐུས་འཁྱེར་གྱི་གྱོད་གཞི་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་23ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གཏེར་སྒྲོམ་དགོན་པའི་རིག་དངོས་བརྐུས་འཁྱེར་གྱི་གྱོད་གཞི་རྩད་ཆོད་པ།
    མི་དམངས་དྲ་བའི་འཕྲིན།  ཟླ་12ཚེས་19ཉིན། གསར་འགོད་པས་བོད་ལྗོངས་ལྷ་སའི་ཉེན་རྟོག་ཕྱོགས་ནས་ཤེས་རྟོགས་བྱུང་གསལ། “1·15”གཏེར་སྒྲོམ་དགོན་གྱི་རིག་དངོས་བརྐུས་འཁྱེར་གྱོད་གཞི་རྩད་ཆོད་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པ་དང་། རིམ་པ་གསུམ་པའི་རིག་དངོས་ཚུད་པའི་རྟེན་སྐུ་12གཏོར་བརླག་མ་ཐེབས་པར་ཕྱིར་དགོན་པར་སྤྲད་ཡོད་པ་རེད། 
    ད་ལོའི་ཟླ་1ཚེས་15ཉིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ལ་གཏེར་སྒྲོམ་དགོན་གྱི་ཉེན་རྟོག་ཁང་ནས་གནས་ཚུལ་འབྱོར་གསལ། དགོན་པ་དེ་རུ་རིག་དངོས་རྐུ་ཁྱེར་གྱི་གྱོད་གཞི་གཅིག་བྱུང་ཡོད་པ་དང་། རིག་དངོས་མང་པོ་བརྐུས་ཡོད་པར་བཤད། 
    གྱོད་གཞི་འདི་གང་མགྱོགས་ཀྱིས་རྩད་ཆོད་བྱུང་བའི་ཆེད་དུ། མལ་གྲོ་གུང་དཀར་རྫོང་གི་སྤྱི་བདེ་ཅུས་ཀྱིས་མགྱོགས་པོར་ཆེད་དོན་གྱོད་དོན་ཚོ་ཆུང་བཙུགས་ནས་གྱོད་གཞི་མྱུལ་ཞིབ་རྩད་ཆོད་བྱས་པ་དང་། མགྱོགས་པོར་གཏེར་སྒྲོམ་དགོན་དུ་བསྐྱོད་ནས་གྱོད་གཞི་བྱུང་ཡུལ་དུ་རྟོག་ཞིབ་དང་བདེན་དཔང་བཙལ་བ་རེད། ཆེད་དོན་གྱོད་དོན་ཚོ་ཆུང་གིས་བདེན་དཔང་མང་པོ་བླངས་པ་བརྒྱུད། གྱོད་དོན་མ་བྱུང་སྔོན་དོགས་ཡོད་ཉེས་ཅན་གཏེར་སྒྲོམ་དགོན་གྱི་འདུ་ཁང་ཕྱི་རོལ་ཏུ་འགྲོ་འོང་བྱས་པའི་རྗེས་ཤུལ་དང་ཤུལ་ལུས་ཀྱི་དངོས་པོ་སོགས་ཁུངས་སྣེ་རྩ་ཆེན་རྙེད་པ་རེད། 
    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སོགས་ཀྱི་སྡེ་ཁག་གིས་མཛུབ་སྟོན་འོག་དང་དབྱེ་ཞིབ་བརྡར་གཅོད་བྱས་པ་བརྒྱུད། མལ་གྲོ་གུང་དཀར་རྫོང་གི་སྤྱི་བདེ་ཅུས་ཀྱིས་ཆེས་མཐའ་མར་དོགས་ཡོད་ཉེས་ཅན་3གཏན་འཁེལ་བྱས་པ་དང་། གྱོད་གཞི་བྱུང་ནས་ཉིན་དྲུག་སོང་རྗེས། ཧུའུ་པེ་ཞིང་ཆེན་ནས་དོགས་ཡོད་ཉེས་ཅན་3འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱར་བ་དང་། རྐུ་ལ་ཤོར་བའི་རིག་དངོས་ཚང་མ་ཕྱིར་བདའ་འདེད་ཐུབ་ཡོད། 
    མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཕྲིན་ལས་བསོད་ནམས་ཀྱིས་ངོ་སྤྲད་དོན། བོད་རང་སྐྱོང་ལྗོངས་རིག་དངོས་གསལ་འབྱེད་ལྟེ་གནས་ཀྱིས་གསལ་འབྱེད་བྱས་པ་བརྒྱུད། རྟེན་སྐུ་12ཁྲོད། ཀྲུང་གོ་རྒྱལ་ཁབ་ཀྱི་རིམ་པའི་གཉིས་པའི་རིག་དངོས་1དང་རིམ་པ་གསུམ་པའི་རིག་དངོས་2། སྤྱིར་བཏང་གི་རིག་དངོས་8། དེང་རབས་ཀྱི་རིག་དངོས་མ་ཡིན་པ་1 ཚང་མར་གནོད་སྐྱོན་མ་ཐེབས་པར་དགོན་པར་སྐྱེལ་ཡོད། 
    ད་ལོའི་ཟླ་3ཚེས་18ཉིན། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་མལ་གྲོ་གུང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་ཞུ་གཏུག་བྱས་པ་དང་། མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དོན་དངོས་ཞིབ་རྩད་བྱས་པ་དང་། གྱོད་ཡ་ཧོ་ག་གེ་མོ་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་དང་ཟླ་གསུམ་ལ་ཁྲིམས་ཐག་བཅད་པ་དང་སྦྲགས་སྒོར་ཁྲི་གཉིས་ཀྱི་ཆད་པ་བཅད། (མི་དམངས་ཤོག་སྒོར། གཤམ་དུ་གཅིག་འདྲ་ཡིན)  གྱོད་ཡ་མིང་ག་གེ་མོ་ལ་དུས་བཀག་བཙོན་འཇུག་ལོ་བདུན་དང་ཟླ་བདུན་བྱ་རྒྱུ་དང་སྦྲགས་སྒོར་ཁྲི་1གི་ཆད་པ་བཅད། གྱོད་ཡ་ལུའུ་ག་གེ་མོ་ལ་དུས་བཀག་བཙོན་འཇུག་ལོ་བདུན་དང་ཟླ་བདུན་བྱས་པ་དང་སྦྲགས་སྒོར་ཁྲི་1གི་ཆད་པ་བཅད་ཡོད།