འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་23ཉིན།

༄༅༎“བོད་བྱ་ཆུང་ཆུང”ལས་དབུལ་སྐྱོར་གྱི“ཐོན་ལས་ཆེན་པོ”བྱུང་།

——ཀན་སུའུ་ཞིང་ཆེན་ཀན་ལྷོ་འབྲུག་ཆུ་རྫོང་གི་གྲོང་གསེབ་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་སྣེ་ཁྲིད་བྱས་པའི་སྐོར་གྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་22ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཞེ་ཅ་གྲོང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་ཏུང་ཧྲན་གྲོང་རྡལ་གྱི་རི་གྲོང་དབུལ་པོ་ཞིག་ཡིན། མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་མུའུ་0.9ཙམ་ལས་མེད་པས་དུས་ཡུན་རིང་པོར་དབུལ་ཕོངས་ཀྱིས་མནར་ནས་གྲོང་མི་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར། འོན་ཀྱང་། བོད་བྱ་ཆུང་ཆུང་དག་ཞེ་ཅ་གྲོང་ཚོའི་གྲོང་མི་རྣམས་དབུལ་སྒྲོལ་ཕྱུག་འགྱུར་གྱི“བྱ་རྒྱལ་ཁྱུང་ཆེན”ལྟ་བུར་གྱུར་ངེས་པ་སུ་ཞིག་གི་ཡིད་ལའང་འཁོར་མྱོང་མེད།
     མིང་ལ་ཚུང་ལིན་བོད་བྱ་ཟེར་བའི་ཁྱིམ་བྱ་དེ་ནི་རང་རྒྱལ་གྱི་ཁྱིམ་བྱ་རྩ་ཆེན་གྱི་རིགས་ཤིག་ཡིན་ལ་འབྲུག་ཆུ་རྫོང་གི་གྲོང་གསེབ་ཏུ་མང་པོ་ཡོད་པ་དང་ཧ་ལམ་དུད་ཁྱིམ་རེས་གསུམ་ནས་ལྔ་ཙམ་གསོས་ཡོད་པ་རེད། སྤྱིར་བཏང་གི་བཤས་བྱ་དང་བསྡུར་ན། ཚུང་ལིན་བོད་བྱའི་ཤ་སྙི་ལ་ཞིམ་ཁར་ལུས་ཁམས་ལ་འཕྲོད་ནའང་དུས་ཡུན་རིང་པོར་རི་གྲོང་དུ་གནས་པའི་མི་རྣམས་ཀྱིས་དེའི་གསང་བ་རྟོགས་ཀྱི་མེད།
     ད་ལོ་ལོ་45ལ་སླེབས་པའི་ཞེ་ཚུན་ཞོན་ནི་ཞེ་ཅ་གྲོང་ཚོའི་དངོས་སྒྲུབ་པ་གྲགས་ཅན་ཞིག་རེད། གཞོན་དུས་གླ་པ་རྒྱུག་མྱོང་ལ། རྡོ་སོལ་གཏེར་ཁ་འགན་གཙང་བླངས་མྱོང་། ཕྱུག་པོ་ཆགས་རྗེས་ཕ་ཡུལ་ལ་དྲིན་གཟོ་བའི་ཆོད་སེམས་ནམ་ཡང་དོར་མ་མྱོང་། 2008ལོར་ཁོང་གིས་གྲོང་ཚོའི་ནང་བྱ་དེ་གསོ་ཚགས་ར་བ་གཉེར་བ་དང་ལོ་གཉིས་ལྷག་གི་རིང་འཚོལ་ཞིབ་བྱས་པ་བརྒྱུད་ཚུང་ལིན་བོད་བྱ་འབོར་ཆེན་གསོ་ཚགས་དང་ཁྲོམ་རའི་ཚོང་ལམ་གྱི་དཀའ་ངལ་བསལ་ནས“བོད་བྱ་ཆུང་ཆུང”རི་གྲོང་ནས་ཕྱི་ཡུལ་དུ་ཚོང་འགོ་ཚུགས། 2011ལོར་ཁོང་གིས་བསམ་འདུན་ཡོད་པའི་ཞིང་དུད་8དང་མཉམ་ལས་བྱས་ཏེ་མ་རྐང་སྒོར་ཁྲི་90ལྷག་ཙམ་བྱས་ནས་ཞེ་ཅ་གྲོང་ཚོའི་ཏུང་ཧྲེང་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པར་བརྟེན། ཞེ་ཅ་གྲོང་ཚོའི་རི་ཁུལ་དུ་བྱ་ཕྲུག་རྒྱུད་སྤེལ་དང་། གསོ་ཚགས། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཚུང་ལིན་བོད་བྱའི་ཐོན་ལས་གླིང་གྲུབ། འོན་ཀྱང་ཞེ་ཚུང་ཞོན་ལ་དཀའ་གནད་ཅིག་ཕྲད་པ་སྟེ། “བོད་བྱ་ཆུང་ཆུང”དག“ཐོན་ལས་ཆེན་པོར”དངོས་འབྲེལ་བསྒྱུར་དགོས་ན་དུད་ཁྱིམ་ཁ་ཤས་ཀྱིས་རང་རང་སར་འབད་བརྩོན་བྱས་པ་ཙམ་གྱིས་རྦད་དེ་མི་འདང་བར་ཕྱིན་ཆད་གཞི་ཁྱོན་འཕེལ་རྒྱས་ཀྱི་བཀག་རྒྱ་ལས་ཇི་ལྟར་ཐར་བར་བྱེད་དགོས་སམ།
     ཉེ་བའི་ལོ་ཤས་རིང་། འབྲུག་ཆུ་རྫོང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་ལ་སྐུལ་མ་བཏང་སྟེ་གྲོང་གསེབ་ཀྱི་ཕྱུག་འགྱུར་འཇོན་ཐང་ཆེ་བའི་མང་ཚོགས་དག་ཏང་ཡོན་ལ་གསོ་སྐྱོང་དང་གྲོང་ཚོའི་ལས་བྱེད་པར་བསྐོས་པ་དང་། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དང་སྐྱེད་སྲིང་བྱས་ཏེ་མཉམ་ལས་ཁང་གོང་འཕེལ་བཏང་བ་མ་ཟད་གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་པ་རེད།
     2016ལོར་ཞེ་ཅ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་། ཞེ་ཚུན་ཞོན་སྔར་བས་ཧུར་བརྩོན་ཆེ་བར་གྱུར། ཁོང་གིས་མཉམ་ལས་ཁང་དུ་ཏང་ཀྲི་པུའུ་བཙུགས་པ་དང་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་མཉམ་ལས་ཁང་དུ་ཞུགས་པར་སྐུལ་སློང་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད། ལོ་དུ་མའི་རིང་། གྲོང་ཚོའི་ནང“ཐོན་ལས་འཁོར་སྦྲེལ་དུ་ཀྲི་པུའུ་འཛུགས་པ་དང་། ཐོན་ལས་འཁོར་སྦྲེལ་དུ་ཏང་ཡོན་བསྡུ་བ། ཐོན་ལས་འཁོར་སྦྲེལ་དུ་མང་ཚོགས་ཕྱུག་པོ་ཆགས་པ”བཅས་ཀྱི་མཉམ་སྤྱོད་རྣམ་པའི་དབུལ་སྒྲོལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་འཚོལ་ཞིབ་བྱས་ཡོད། གྲོང་ཚོའི་ནང་ད་དུང“ཐོན་ཁུངས་རྒྱུ་ནོར་དུ་སྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་སྒྱུར་བ། ཞིང་པ་རྐང་བདག་ཏུ་སྒྱུར་བ”བཅས་ཀྱི“སྒྱུར་གསུམ”སྒྱུར་བཅོས་ཁྱབ་གདལ་བཏང་ནས་གྲོང་ཚོ་དེ་ཡོངས་ཀྱི་90%ཡན་གྱི་ཞིང་དུད་རྣམས་མཉམ་ལས་ཁང་དུ་བཅུག་པ་དང་། ཏང་ཀྲི་པུའི་སྣེ་ཁྲིད་འོག་ཞེ་ཅ་གྲོང་ཚོ་དབུལ་སྒྲོལ་འབྱོར་འབྲིང་གི་ལམ་དུ་བསྐྱོད་པ་རེད།
     2019ལོའི་ལོ་འགོར་ཏང་ཀྲི་པུའི་འབྲེལ་གཏུག་འོག་ཞེ་ཅ་གྲོང་ཚོའི་ཏུང་ཧྲེང་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་19ཡི་མཉམ་ལས་ཁང་36དང་མཉམ་ལས་བྱས་ནས་འབྲུག་ཆུའི་ཚུང་ལིན་བོད་བྱ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་བཙུགས་པ་དང་འབྲེལ། གོམ་སྟབས་གཅིག་མཚུངས་སུ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡང་བཙུགས། ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཚང་མས་འཕེལ་རྒྱས་ལ་གཞོལ་བས“གཅིག་གྱུར་སྐྱོང་སྤེལ་དང་། གཅིག་གྱུར་བྱ་ཕྲུག་མཁོ་སྤྲོད། གཅིག་གྱུར་རིམས་འགོག་རིམས་བཤེར། གཅིག་གྱུར་གསོ་ཚགས་དོ་དམ། གཅིག་གྱུར་ཉོ་སྒྲུབ་ལས་སྣོན་ཐུམ་སྒྲིལ། གཅིག་གྱུར་ཕྱིར་འཚོང”གི་ཆ་ཚང་བའི་ཐོན་ལས་ཀྱི་འབྲེལ་ཐག་ཅིག་གྲུབ་པ་དང་ལོ་རེར་ཚུང་ལིན་བོད་བྱ་ཁྲི་300ལྷག་ལས་སྣོན་བྱས་ཡོད། སྔོན་ཆད་ཞིང་པའི་དུད་ཁྱིམ་དུ་ཐར་ཐོར་ངང་གསོས་པའི“བོད་བྱ་ཆུང་ཆུང”དག་ད་ཆར་ཞིང་དུད་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་འདུན་འགྲུབ་པའི“བྱ་རྒྱལ་ཁྱུང་ཆེན”དུ་གྱུར་པ་རེད།
     “ངའི་ཁྱིམ་ནི་དུད་ཚང་དབུལ་པོ་ཡིན། མཉམ་ལས་ཁང་དུ་ཞུགས་རྗེས་ལོ་ལྟར་ཁེ་སྤོགས་བགོ་རྒྱུ་ཡོད་པས་འཚོ་བ་ཇེ་ཡག་ཏུ་འགྲོ་གི་འདུག ན་ནིང་ང་ལ་ཁེ་སྤོགས་སྒོར་6000བགོས་བྱུང”ཞེས་གྲོང་མི་ཞེ་ཅུས་ཀྱིས་བཤད། མིག་སྔའི་བར་མཉམ་འབྲེལ་ཁང་གིས་རིམ་རྩིས་བྱས་ན་རྫོང་དེ་ཡོངས་ཀྱི་དུད་ཚང་དབུལ་པོ་5029ལ་ཁེ་སྤོགས་སྒོར་ཁྲི་633ལྷག་ཙམ་བགོས་ཡོད་པ་རེད།
     “མང་ཚོགས་ཐོན་ལས་འཁོར་སྦྲེལ་དུ་ཕྱུག་པོ་ཆགས་པ་དང་། མི་སེམས་ཀྱང་ཐོན་ལས་འཁོར་སྦྲེལ་དུ་གཅིག་འདུས་བྱུང”2013ལོར་ཞེ་ཅ་གྲོང་ཚོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོ་28ཡོད་པ་དང་ད་ལོར་དུད་ཚང་1ལས་ལྷག་མེད་ཅིང་། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་གྱི་མི་གྲངས་38བར་འཕར་ཡོད་ཅེས་ཞེ་ཚུན་ཞོན་གྱིས་བཤད།