འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་19ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བསམ་འཆར》བཀྲམ་སྟེ། སྲིད་དོན་ཞབས་ཞུའི“གདེང་
འཇོག་བཟང་ཞན” གྱི་ལམ་ལུགས་འཛུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་19ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་དོན་ཞབས་ཞུའི“གདེང་འཇོག་བཟང་ཞན”གྱི་ལམ་ལུགས་བཙུགས་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
    《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བཅས་བྱས་ནས། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྲིད་གཞུང་གི་འགན་ནུས་ལེགས་སུ་གཏོང་བ་དང་། སྲིད་འཛིན་གྱི་བྱེད་སྟངས་གསར་གཏོད་བྱེད་པ། སྲིད་འཛིན་གྱི་ནུས་ཕྱོད་ཆེ་རུ་གཏོང་བ། མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་བྱས་ནས་ཞབས་ཞུའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལག་བསྟར་བྱེད་པ། སྲིད་དོན་ཞབས་ཞུའི་ལས་རྗེས་ལ་ཁེ་ལས་དང་མང་ཚོགས་ཚོས་གདེང་འཇོག་བྱེད་པའི“གདེང་འཇོག་བཟང་ཞན”གྱི་ལམ་ལུགས་འཛུགས་པ་བཅས་བྱས་ཏེ། རིམ་ཁག་སྲིད་གཞུང་གི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ཞབས་ཞུའི་འགན་འཁྲི་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་དང་མང་ཚོགས་ལ་ཕྱོགས་ཡོངས་ཚད་ལྡན་དང་། ཡོངས་བསྒྲགས་དྲང་གཞག སྟབས་བདེ་ནུས་ཆེ་བཅས་ཀྱི་སྲིད་དོན་ཞབས་འདེགས་ཞུས་ནས་ཁེ་ལས་དང་མང་ཚོགས་ཀྱིས་ལས་དོན་སྒྲུབ་སྐབས་སྟབས་བདེ་རུ་དང་ཐོབ་ཚོར་ཆེ་རུ་གཏོང་དགོས།
    《བསམ་འཆར》ནང་བླང་བྱ་བཏོན་དོན། 2020ལོའི་ལོ་མཇུག་གོང་སྲིད་དོན་ཞབས་ཞུའི“གདེང་འཇོག་བཟང་ཞན”གྱི་ལམ་ལུགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི“གདེང་འཇོག་བཟང་ཞན”གྱི་དོ་དམ་མ་ལག་བསྐྲུན་ནས་རིམ་ཁག་སྲིད་དོན་ཞབས་ཞུའི་སྒྲིག་གཞི་དང་སྲིད་དོན་ཞབས་ཞུའི་ལས་སྟེགས་སྣ་ཚོགས་སུ“གདེང་འཇོག་བཟང་ཞན”གྱི་ལམ་ལུགས་ལག་ལེན་བསྟར་ཏེ་སྲིད་དོན་ཞབས་ཞུའི་དོན་ཚན་དང་། 
     གདེང་འཇོག་བྱ་ཡུལ། ཞབས་ཞུའི་ཐབས་ལམ་བཅས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས། 《བསམ་འཆར》ནང་སྲིད་དོན་ཞབས་ཞུའི“གདེང་འཇོག་བཟང་ཞན”གྱི་ལམ་ལུགས་འཛུགས་པའི་ཐད་སྲིད་ཇུས་དང་བྱེད་ཐབས་ཁག་བཞི་བཏོན་ཡོད།
     གཅིག་ནས་འགན་འཁྲི་དང་ཚད་གཞི་ཁ་གསལ་བཟོ་དགོས་ཤིང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་མི་དམངས་སྲིད་གཞུང་དང་། སྲིད་དོན་ཞབས་ཞུའི་སྒྲིག་གཞི་དང་ལས་སྟེགས། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་བཅས་ཀྱི་འགན་འཁྲི་སྔར་བས་ཁ་གསལ་དུ་གཏོང་དགོས། སྲིད་དོན་ཞབས་ཞུའི་དོན་ཚན་གསལ་ཐོ་དང་ལས་སྒྲུབ་ཕྱོགས་སྟོན་གསལ་པོ་བཟོ་དགོས། ས་གནས་ས་ཐོག་ཏུ་ཞབས་འདེགས་ཞུ་བའི་ཚད་གཞི་དང་དྲ་ཐོག་ཞབས་ཞུའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བའི་ཐད། ལས་སྒྲུབ་དུས་བཀག་ཐུང་དུ་གཏོང་བ་དང་མི་སྣའི་དོ་དམ་ལ་ཤུགས་སྣོན་རྒྱག་པར་བླང་བྱ་འདོན་དགོས། ལག་ལེན་གྱི་རྨང་གཞིའི་ཐོག་སྲིད་དོན་ཞབས་ཞུའི་གདེང་འཇོག་གི་རྒྱལ་ཁབ་ཀྱི་ཚད་གཞི་འོས་འཚམ་བཟོ་དགོས།
     གཉིས་ནས་གདེང་འཇོག་ཐབས་ལམ་ཡངས་སུ་གཏོང་དགོས་ཤིང་། ས་གནས་ས་ཐོག་ཏུ་ཞབས་ཞུ“ཐེངས་རེར་གདེང་འཇོག་རེ”དང་དྲ་ཐོག་ཞབས་ཞུའི“དོན་དག་སྒྲུབ་ཐེངས་རེར་གདེང་འཇོག་རེ”བྱེད་རྒྱུ་གཙོ་བོར་འཛིན་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས“ཕྱོགས་བསྡུས་གདེང་འཇོག”དང་སྲིད་གཞུང་སྡེ་ཚན་གྱིས“གདེང་འཇོག་ལ་ལྟ་སྐུལ་ཞིབ་བཤེར”བྱེད་རྒྱུ་རམ་འདེགས་སུ་བྱས་པའི་གདེང་འཇོག་ཐབས་ལམ་ཤར་གཏོང་ཡོང་བ་བྱེད་དགོས། གདེང་འཇོག་སྒྲིག་ཆས་དང་གདེང་འཇོག་ནུས་པའི་དཔེ་དབྱིབས་སོགས་བཟོས་ནས་ཁེ་ལས་དང་མང་ཚོགས་ཚོས་ས་གནས་ས་ཐོག་ཏུ་གདེང་འཇོག་དང་དྲ་ཐོག་ནས་གདེང་འཇོག་བྱེད་རྒྱུར་སྟབས་བདེ་སྐྲུན་དགོས། བསམ་འཆར་སྒམ་དང་ཐད་སྦྲེལ་ཁ་པར་སོགས་ཀྱི་ཐབས་ལམ་བརྒྱུད་སྤྱི་ཚོགས་ལས་རིགས་ཁག་གི་ཕྱོགས་བསྡུས་རང་བཞིན་གྱི་གདེང་འཇོག་རང་འགུལ་ངང་དང་ལེན་བྱེད་དགོས། སྲིད་དོན་ཞབས་ཞུའི་བརྟག་དཔྱད་དང་ཕྱོགས་གསུམ་པར་དཔྱད་དཔོག་བྱེད་རྒྱུ་མངགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་སྲིད་དོན་དོན་འཁྱོལ་དང་སྲིད་དོན་ཞབས་ཞུའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས།
    གསུམ་ནས་གདེང་འཇོག་གི་འབྲས་བུ་ཡག་པོ་སྤྱོད་དགོས་ཤིང་། ཞབས་ཞུའི་གདེང་འཇོག་ཞན་རིགས་དག་ཐེར་ལེགས་སྒྲིག་བྱས་ནས་གདེང་འཇོག་ཞན་པོ་དང་ཞུ་གཏུག་གནད་དོན་ལ་བརྟག་དཔྱད་དཔྱད་ཞིབ་དང་། དག་ཐེར་ལེགས་སྒྲིག་དང་ཚུར་ལན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་དགོས། གདེང་འཇོག་གྲངས་གཞི་ཕྱོགས་བསྡུས་དབྱེ་ཞིབ་དང་བཀོལ་སྤྱོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་དོན་ཞབས་ཞུའི་གནད་འགག་དུས་ཐོག་ཏུ་བསྡུ་རུབ་བྱས་ཏེ་ཞབས་ཞུ་མཁོ་སྤྲོད་ཞིབ་ཚགས་ཅན་ལ་སྐུལ་འདེད་གཏོང་དགོས། སྲིད་དོན་ཞབས་ཞུའི་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྲིད་དོན་ཞབས་ཞུའི“གདེང་འཇོག་བཟང་ཞན”གྱི་གནས་ཚུལ་དེ་ལས་རྗེས་གདེང་འཇོག་ནང་འཇུག་དགོས། སྲིད་དོན་ཞབས་ཞུའི་གདེང་འཇོག་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་སྲིད་དོན་ཞབས་ཞུའི་གནས་ཚུལ་དང་། གདེང་འཇོག་གི་འབྲས་བུ། དག་ཐེར་གནས་ཚུལ་བཅས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་དོན་དངོས་དང་འཚམ་པའི་སྲིད་དོན་ཞབས་ཞུའི་འགྲན་རྩོད་ལམ་སྲོལ་འཛུགས་དགོས།
     བཞི་ནས་འགན་ལེན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། “གདེང་འཇོག་བཟང་ཞན”གྱི་གྲངས་གཞི་གྲུབ་ཚུལ་དང་། བསྡུ་རུབ། བརྒྱུད་སྐྱེལ། དབྱེ་ཞིབ། ཚུར་ལན་བཅས་ཀྱི་ལམ་སྲོལ་བཙུགས་ནས་དྲ་ཐོག་དང་དྲ་ཕྱིའི་གདེང་འཇོག་ཐབས་ལམ་སྣ་ཚོགས་སྦྲེལ་མཐུད་བྱེད་དགོས། གདེང་འཇོག་བྱེད་མཁན་གྱི་རང་མོས་དང་རང་བརྟེན་གྱི་གདེང་འཇོག་དབང་ཆ་འགན་ལེན་བྱས་ནས་གདེང་འཇོག་བྱེད་མཁན་གྱི་ཆ་འཕྲིན་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རེ་ཞུ་བསྐྱར་ཞིབ་ལམ་སྲོལ་བཙུགས་ནས་གདེང་འཇོག་བྱེད་ནོར་ཤོར་བ་དང་རྐང་བཙུགས་ནས་གདེང་འཇོག་ཞན་པོ་བྱེད་པའི་སྣང་ཚུལ་ངན་པ་མི་ཐོན་པ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འབྲེལ་ཡོད་ལམ་ལུགས་བསྡུ་སྒྲིལ་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས།
     ད་དུང་《བསམ་འཆར》ནང་བཏོན་དོན། འབྲེལ་ཡོད་ལས་རིགས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་བསམ་འཆར་འདིའི་བླང་བྱ་གཞིར་བཟུང་ལས་རིགས་དེ་རང་གི་སྤྱི་པའི་ཞབས་ཞུའི་འགན་འཁུར་མཁན་གྱི་ཁེ་ལས་བྱ་གཞག་ཚན་པ་སྒྲིག་འཛུགས་བྱས་ནས་སྤྱི་པའི་ཞབས་ཞུའི་གདེང་འཇོག་ལས་དོན་སྤེལ་དགོས།