འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་13ཉིན།

༄༅།།བསང་ཆུའི་ཏན་ནིའི་སའོ་ཝ་མིའི་ཞིབ་འཇུག་སྐོར་གྱི་གསར་འགྱུར། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་13ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བསང་ཆུའི་ཏན་ནིའི་སའོ་ཝ་མིའི་ཞིབ་འཇུག་སྐོར་གྱི་གསར་འགྱུར།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན། གསར་འགོད་པས་ལན་གྲུ་སློབ་ཆེན་ནས་བདེན་དཔང་ཐོབ་པ་སྟེ། ཀྲུང་གོ་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་། ལན་གྲུ་སློབ་ཆེན་དང་འཇར་མན་མ་ཕུའུ་མིའི་རིགས་འཕེལ་འགྱུར་རིག་པ་ཞིབ་འཇུག་ཁང་གི་མཁས་དབང་གི་སྣེ་ཁྲིད་ཅིང་། རྒྱལ་ཁབ་ཕྱི་ནང་གི་ལས་ཁུངས་མང་པོ་མཉམ་དུ་ཞུགས་པའི་མཚོ་བོད་མཐོ་སྒང་གི་ཏན་ནིའི་སའོ་ཝ་མིའི་ཞིབ་འཇུག་ཨ་རིའི་གནའ་རྫས་དུས་དེབ་《Archaeology》ཀྱིས་བདམས་པའི་2019ལོའི་ལོ་འཁོར་གྱི་འཛམ་གླིང་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ནང་ཚུད་ཡོད། ཞིབ་འཇུག་དེ་ནི་ཐེངས་འདིའི་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་གསར་རྙེད་ཁྲོད་ཀྱི་རྡོ་ཆས་རྙིང་མའི་གནའ་རྫས་ཞིབ་འཇུག་གྲུབ་འབྲས་གཅིག་པུ་དང་། ཀྲུང་གོ་ནས་ཡིན་པའི་གནའ་རྫས་རྟོག་ཞིབ་གསར་རྙེད་གཅིག་པུ་དེའང་རེད། 
    གཞན་ཡང། བསང་ཆུ་ཏན་ནིའི་སའོ་ཝ་མི་ཞིབ་འཇུག་ད་དུང་《Science》དུས་དེབ་ཀྱིས་དཔྱད་འདེམ་བྱས་པའི2019ལོའི་ལོ་འཁོར་གྱི་ཚན་རིག་འགག་སྒྲོལ་ཆེན་པོ་བཅུའི་ནང་དུ་བདམས་ཡོད་ཅིང་། རེས་འཁོར་དང་པོའི་འདེམས་ཤོག་འཕངས་ནས་བདམས་པའི་གྲུབ་འབྲས་ལས། 2019ལོའི་ཚན་རིག་འགག་སྒྲོལ་ཆེན་པོ་བཅུའི་ནང་གི་ཨང་རིམ་བཞིའི་ནང་ཚུད་ཡོད། ཞིབ་འཇུག་དེ་ནི་2019ལོའི་ཚན་རིག་འགག་སྒྲོལ་གལ་ཆེ་ཤོས་ནང་ཚུད་པའི་རེ་བ་ཡོད། ཆེས་མཐའ་མཇུག་གི་གྲུབ་འབྲས་ནི་ཟླ་12ཚེས་19ཉིན་བསྒྲག་རྒྱུ་རེད། 
     2019ལོའི་ཟླ་5ཚེས་2ཉིན། ཞིབ་འཇུག་དེའི་གྲུབ་འབྲས་《རང་བྱུང་》དུས་དེབ་ཀྱི་(Nature)དྲ་ཐོག་ནས་སྤེལ་བ་རེད། ཞིབ་འཇུག་ལས་བསྟན་དོན། ཀྲུང་གོའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བསང་ཆུ་རྫོང་བྲག་དཀར་བྲག་ཞུན་བྲག་ཕུག་ནས་རྙེད་པའི་མིའི་རིགས་ཀྱི་མ་མགལ་འགྱུར་རྡོ་ནི་ད་ལྟའི་བར་དུ་ལོ་ངོ་ཁྲི་16གི་ལོ་རྒྱུས་ལྡན་ཞིང་། དེ་ནི་ཞི་པའོ་ལི་ཡའི་ཨེར་ཐའེ་ཧྲན་ས་ཁུལ་ནས་རྙེད་པའི་ཏན་ནིའི་སའོ་ཝ་བྲག་ཕུག་ཕུད་ཐེངས་དང་པོར་ཏན་ནིའི་སའོ་ཝ་མིའི་འགྱུར་རྡོའི་དཔེ་མཚོན་རྙེད་པ་དེ་ཡིན་ལ། མིག་སྔར་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱིས་བྱེད་སྒོ་སྤེལ་བའི་དུས་སྔ་ཤོས་ཀྱི་བདེན་དཔང་ཡང་རེད། 
     《Archaeology》ནི་ཨ་རིའི་གནའ་རྫས་ཞིབ་འཇུག་ཁང་(ཨ་རིའི་གནའ་རྫས་རིག་གཞུང་མཐུན་ཚོགས་ཀྱང་བསྒྱུར)གིས་གཙོ་གཉེར་བྱས་ཤིང་མང་ཚོགས་ལ་ཁ་ཕྱོགས་པའི་ཟླ་བ་གཉིས་རེར་ཐེངས་རེ་སྤེལ་བའི་གནའ་རྫས་དུས་དེབ་ཅིག་རེད། དེ་ལ་ལོ་ངོ་70ལྷག་གི་ལོ་རྒྱུས་ལྡན། མིག་སྔར། གོ་ལ་ཡོངས་སུ་ཀློག་པ་པོ་མང་ཚོགས་ཁྲི་25ཙམ་ཡོད། 2006ལོ་ནས་འགོ་བརྩམས་ཏེ་དུས་དེབ་དེས་ལོ་རེའི་ཟླ་12པར་ལོ་དེའི་ལོ་འཁོར་གྱི་འཛམ་གླིང་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུ་དཔྱད་འདེམ་བྱེད་ཀྱི་ཡོད་པ་གོ་ལ་ཡོངས་སུ་གྲགས་ཆེན་པོ་ཡོད། 
༄༅།།བསང་ཆུའི་ཏན་ནིའི་སའོ་ཝ་མིའི་ཞིབ་འཇུག་སྐོར་གྱི་གསར་འགྱུར།
༄༅།།བསང་ཆུའི་ཏན་ནིའི་སའོ་ཝ་མིའི་ཞིབ་འཇུག་སྐོར་གྱི་གསར་འགྱུར།