འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་12ཉིན།

༄༅།།ཀན་སུའུ་ཐེ་བོ་རྫོང་གིས།“གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་དང་ལྗང་མདོག་ཟུང་འབྲེལ”
བྱས་ནས་ཡུལ་སྐོར་གྱིས་གྲོང་གསེབ་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་12ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    གཞོགས་གཉིས་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་པའི་རི་བོའི་འདབས་སུ་སྟག་ཆུ་དལ་བུར་རྒྱུག་པ་དང་། ཆུ་བོའི་གཞོགས་གཅིག་ནི་མགོ་རྗེའི་གྲོས་ཚོགས་འཚོག་ཡུལ་རྙིང་པ་ཡིན་པ་དང་། གཞོགས་གཅིག་ནི་བོད་བཟོའི་ཁང་པའི་སྒོ་ར་གསར་པ་ཞིག་ཡིན་ཞིང་། ཡུལ་མི་སྙིང་ལྕགས་ནི་འདི་ཁུལ་ལྟ་སྲུང་བྱེད་མཁན་ཞིག་ཡིན་པ་དང་། ཁོང་གི་ཉིན་རེའི་ལས་ཀ་ནི་མགོ་རྗེའི་གྲོས་ཚོགས་འཚོག་ཡུལ་རྙིང་པའི་སྒོ་རར་གཙང་སྦྲ་བྱེད་རྒྱུ་དེ་ཡིན་ལ། ས་ཆ་དེ་ཡང་ཁོང་ཁྱིམ་གྱི“སྡོད་ཁང་རྙིང་པ”ཞིག་རེད།
    1935ལོའི་ཟླ་9ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་སྟེང་ར་ཤང་མགོ་རྗེ་གྲོང་ཚོར་རྒྱ་ཆེའི་ཚོགས་འདུ་འཚོགས་པ་རེད། འདི་ནི་སྐད་གྲགས་ལྡན་པའི་མགོ་རྗེའི་གྲོས་ཚོགས་ཡིན་པ་དང་། གྲོས་ཚོགས་དེས་ཏང་ཀྲུང་དབྱང་བྱང་སྐྱོད་ཀྱི་མཛད་ཕྱོགས་ལག་བསྟར་གྱི་འགན་ལེན་ཐུབ་ཡོད་པ་རེད།
    སྐབས་དེ་དུས་ཚོགས་འདུ་འཚོག་སའི་ཁང་པ་ནི་སྙིང་ལྕགས་ཀྱི་སྡོད་ཁང་རྙིང་པ་རེད།
    ལོ་84ཡི་རྗེས་སུ་སྙིང་ལྕགས་ཀྱིས་ཆུ་བོའི་ཕ་རོལ་དུ་སྡོད་ཁང་གསར་པ་བསྐྲུན་ཞིང་། འདི་ལོ་མི་མང་པོ་ཞིག“སྡོད་ཁང་རྙིང་པར”ལྟ་སྐོར་བྱེད་པར་ཡོང་བ་མ་ཟད། ཁོང་གི་སྡོད་ཁང་གསར་པའི་ནང་དུའང་ཡུལ་སྐོར་བ་150ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།
    སྙིང་ལྕགས་ཀྱིས“ཡུལ་སྐོར་བ་ཚོ་ཉིན་མོ་སྡོད་ཁང་རྙིང་པར་ལྟ་སྐོར་བྱེད་ཐུབ་པ་མ་ཟད། ད་དུང་དགོང་མོ་དམངས་ཁྱིམ་མགྲོན་ཁང་སྐྱིད་པོའི་ནང་སྡོད་རྒྱུ་ཡོད”ཅེས་བརྗོད་པ་རེད།
    འདི་ལོའི་ཟླ་7པར། ཁོང་ཁྱིམ་དུ་ཁྱད་ལྡན་དམངས་ཁྱིམ་མགྲོན་ཁང་ཞིག་ལས་གཉེར་བྱེད་འགོ་ཚུགས་ཤིང་། ཚོས་གཞི་ཧར་པོ་མེད་པའི་མཛེས་རྒྱན་དང་། ཤིང་ལས་བཟོས་པའི་འཛིན་ཆས་དང་སྒྲིག་ཆས། དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་སོགས་ཡོད་པས། ཡུལ་སྐོར་བ་ཚོས་ཉིན་མོ་ལྟ་སྐོར་བྱས་རྗེས། ད་དུང་རི་སྟེང་ནགས་ཁྲོད་དུ་གཞན་དང་མི་འདྲ་བའི་ཞིང་སྡེའི་འཚོ་བར་རོལ་ཐུབ་ཀྱི་ཡོད།
     མགོ་རྗེ་གྲོང་ཚོའི་ཀྲུའུ་རེན་བཀྲ་ཤིས་དོན་གྲུབ་ཀྱིས་མིག་སྔར་མགོ་རྗེ་གྲོང་ཚོར་དམངས་ཁྱིམ་མགྲོན་ཁང་ཁྱོན་བཅུ་ཡོད་པ་དེ་དག་ལས་གཉེར་བྱེད་འགོ་ཚུགས་པ་དང་། དམངས་ཁྱིམ་མགྲོན་ཁང་ཚང་མ་ཡུལ་མིའི་སྡོད་ཁང་གི་ཐོག་སོ་གཉིས་པར་བསྐྲུན་ཡོད། ཡུལ་སྐོར་བ་ཚོས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་ཐུབ་ལ། ཡུལ་སྐོར་བའི་ངལ་གསོར་ཤུགས་རྐྱེན་ཡང་ཐེབས་ཀྱི་མེད། དེ་དང་ཆབས་ཅིག་གྲོང་ཚོའི་ནང་བསྐྲུན་པའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱིས་ཀྱང་དགོས་མཁོ་མི་འདྲ་བའི་ཡུལ་སྐོར་བར་བཟའ་བཏུང་ཞབས་འདེགས་ཞུ་གི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
     བཀྲ་ཤིས་དོན་གྲུབ་ཀྱིས་དེ་སྔ་མགོ་རྗེའི་གྲོས་ཚོགས་འཚོག་ཡུལ་རྙིང་པར་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་མང་པོ་ཡོད་མོད། འོན་ཀྱང་གནས་དེ་གར་ཡུལ་སྐོར་བ་ཞག་སྡོད་ཐུབ་ཀྱི་མེད་ལ། གྲོང་ཚོར་ཡུལ་སྐོར་ཡོང་འབབ་ཀྱང་ཡོང་གི་མེད། རྗེས་སུ་གྲོང་ཚོའི་ཕྱུག་འགྱུར་པའི་སྣེ་ཁྲིད་འོག་གྲོང་ཚོས་གནས་དེ་གའི་གསར་བརྗེའི་ཡུལ་སྐོར་གྱི་ཐོན་ཁུངས་དང་རང་བྱུང་ཐོན་ཁུངས་ཐད་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
     གནས་དེ་གས་སྲིད་གཞུང་གིས་མཁོ་འདོན་བྱས་པའི་རོགས་སྐྱོར་མ་དངུལ་ཁག་དང་དངུལ་ཁང་ལ་མཉམ་སྡེབ་རེ་ཞུ་བྱས་པའི་དངུལ་བུན་དང་། ཁྱིམ་ཚང་ཚང་མས་སྒོར་ཁྲི་བཅུ་རང་གྲབས་བྱས་པའི་ཐོག་ཕྱུག་འགྱུར་སྣེ་ཁྲིད་པའི་མ་འཇོག་བཅས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། དམངས་ཁྱིམ་མགྲོན་ཁང་སྐྲུན་འགོ་ཚུགས་ཤིང་། འདི་ལོའི་ཟླ་7ཚེས་1ཉིན། དམངས་ཁྱིམ་མགྲོན་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད་པ་རེད།
“གསར་བརྗེའི་གནས་རྙིང་ཐོན་ཁུངས་དང་ལྗང་མདོག་ཟུང་འབྲེལ”གྱི་ཡུལ་སྐོར་གྱིས་གནས་དེ་གའི་ཡུལ་མི་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་གསར་པ་བྱུང་ཡོད་པ་རེད།
     ཡུལ་མི་ནོར་སྐྱབས་ནི་ཤིང་བཟོ་བ་ཞིག་ཡིན་ཞིང་། ཁོང་ཁྱིམ་དུ་ནང་མི་5ཡོད་པ་དང་། 2014ལོ་གོང་དུ། གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། དབུལ་སྒྲོལ་མ་ཐུབ་གོང་། ཁྱིམ་གྱི་ཕྲུ་གུ་3སློབ་གྲྭར་གཏོང་དགོས་པས། འཚོ་བ་སྐྱོ་ཙམ་ཡོད་པ་རེད།
    ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་ནོར་སྐྱབས་ལ་གོ་སྐབས་བྱུང་ནས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་མ་ཟད། ད་དུང་ཁོང་སླར་ཡང་རང་གི་ཤིང་བཟོའི་ལས་ཀ་བྱེད་འགོ་ཚུགས་ནས་ལག་ཤེས་ལ་བརྟེན་ནས་འཛིན་ཆས་སྣ་ཚོགས་བཟོ་འགོ་ཚུགས་ཡོད་པ་རེད།
    དམངས་ཁྱིམ་མགྲོན་ཁང་གི་གནའ་ཉམས་དོད་པའི་ཐ་ཕོར་དང་། གཞན་དང་མི་འདྲ་བའི་ཤིང་གི་རྐུབ་སྟེགས། བཟོ་ལྟ་དམིགས་བསལ་ཅན་གྱི་གདང་ཤིང་བཅས་ཚང་མ་ཁོང་དང་གནས་དེ་གའི་ཤིང་བཟོ་བ་ཆེ་མོ་བས་བཟོས་པ་ཤ་སྟག་རེད།
    ད་ཆ་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱེད་ཐུབ་པས། ནོར་སྐྱབས་ཁྱིམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་བ་དང་། འདི་ལོའི་ཟླ་8པར། ཁོང་ཁྱིམ་གྱིས་དབྱིན་ཚུན་50ཟིན་པའི་བརྙན་འཕྲིན་བཟོ་ལྟ་གསར་པ་ཞིག་ཉོས་པ་རེད།
    གསར་འགོད་པར་ཤེས་རྟོགས་བྱུང་གསལ། གྲོང་ཚོས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུགས་ཆེད། ཆེད་མངགས་རྩྭ་པདྨ་བཏབ་པས་ཡུལ་ལྗོངས་དེ་བས་མཛེས་སུ་ཕྱིན་པ་མ་ཟད། ད་དུང་སྨན་རྩྭར་བརྩིས་ནས་ཕྱིར་ཚོང་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ནས་ཆང་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཀྱི་ཐོན་རྫས་ལ་ཚོང་རྟགས་རེ་ཞུ་བྱས་ནས་བྱ་ཐབས་སྣ་ཚོགས་བརྒྱུད་མང་ཚོགས་ཕྱུག་འགྱུར་སྣེ་འཁྲིད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
    ལ་རྩེ་ཁོག་དང་། མགོ་རྗེ། ཚུར་རུ་ནང་སོགས་ས་ཆའི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་དང་བཀྲ་ཁ་ནང་གི་སྔོ་ལྗང་རི་བོའི་རང་བྱུང་ཡུལ་ལྗོངས་ཟུང་དུ་འབྲེལ་ནས་ཐེ་བོ་རྫོང་གིས་ཉེ་ལམ་ལོ་ཤས་རིང“གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་དང་ལྗང་མདོག་ཟུང་འབྲེལ”གྱི་ཡུལ་སྐོར་སྤུས་རྟགས་བཏོད་དེ་ལོ་རྒྱུས་ཀྱི་རྗེས་ཤུལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་དུས་མཚུངས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་སྣེ་ཁྲིད་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་ཤིང་། 2019ལོའི་ཟླ་11པའི་བར། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་7.99བྱུང་ཡོད་པ་རེད།
     བཀྲ་ཤིས་དོན་གྲུབ་ཀྱིས་མགོ་རྗེ་གྲོང་ཚོར་གསར་དུ་བསྐྲུན་པའི་མགོ་རྗེའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་མགོ་རྗེའི་དམངས་ཁྱིམ་མགྲོན་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན། ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་1.1ལ་སྣེ་ལེན་ཞུས་པ་དང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་60ལྷག་ཙམ་ཟིན་ཡོད་པ་རེད།
     ནོར་སྐྱབས་ཀྱིས“འཚོ་བ་ཇེ་ལེགས་སུ་ཕྱིན་པས་མི་གཞན་ལ་ཞབས་འདེགས་ཁོ་ན་ཞུས་མ་བསྡད་པར་རང་ཉིད་ཀྱི་སྡོད་ཁང་ཡང་མཛེས་བཟོ་བྱ་རྒྱུ་ཡིན”ཞེས་བརྗོད་པ་དང་། ཁོང་ཁྱིམ་དུ་ལོག་རྗེས་ཟུར་དུ་བཞག་པའི་ཤིང་རྒྱུར་ལྟ་བཞིན་སང་ཉིན་རང་ཁྱིམ་གྱི་ཁང་མིག་གང་ཞིག་ལ་ཤིང་གི་པང་གཅལ་གསར་པ་འདིང་རྒྱུར་བསམ་བློ་གཏོང་བཞིན་འདུག