མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤེར་ལ་ཞལ་པར་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་10ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤེར་ལ་ཞལ་པར་བཏང་བ་རེད། 
     ཞི་ཅིན་ཕིང་གིས་སྨི་ཤེར་སྐབས་གསར་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དང་འབྲེལ་ལས་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གཉིས་ཀས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་གི་འདོད་ཚུལ་འཛིན་པ་དང་། ཚང་མས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཉོ་ཚོང་ལམ་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཚང་མས་རྒྱལ་ཁབ་ཁག་གིས་སྒྲིག་སྲོལ་ལྟར་ལས་དོན་སྒྲུབ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། མིག་སྔའི་དུས་བབ་ལ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་འབྲེལ་གཏུག་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱ་རྒྱུ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་། ངེས་གཏན་རང་བཞིན། དྲང་ནུས་བཅས་དེ་བས་མང་པོ་འདོན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཡུན་གྱི་ལྟ་ཕྱོགས་ཀྱི་ཐོག་ནས་ཡོ་རོབ་མནའ་འབྲེལ་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད་ལ། ཀྲུང་གོ་དང་ཡོ་རོབ་ནི་གཉིས་ཁེ་མཉམ་ལས་ཀྱི་རོགས་ཟླ་ཡིན་པ་ལས་གཅིག་རྒྱལ་གཅིག་ཕམ་གྱི་འགྲན་ཟླ་མ་རེད། ཀྲུང་གོའི་འཕེལ་རྒྱས་ནི་ཡོ་རོབ་མནའ་འབྲེལ་གྱི་གོ་སྐབས་ཡིན་པ་ལས་འགྲན་སློང་མིན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ལ་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ། རྒྱལ་སྤྱིའི་ཐོག་ཡོ་རོབ་མནའ་འབྲེལ་གྱིས་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་ལས་ཁུངས་ཀྱིས་ཀྱང་ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་སྔ་བལྟས་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་དབར་གྱི་འབྲེལ་བ་མུ་མཐུད་ཧུར་ཐག་དང་འཛུགས་སྐྲུན་རང་བཞིན་གྱིས་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་ཞི་བདེ་དང་། འཕར་སྣོན། སྒྱུར་བཅོས། ཤེས་དཔལ་བཅས་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་མཉམ་དུ་འབད་བརྩོན་བྱས་ཏེ་སང་ལོའི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་འགྲོ་འོང་གལ་ཆེན་རབ་དང་རིམ་པ་དང་ཉིན་རེའི་གྲོས་རིམ་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཡོ་རོབ་མནའ་འབྲེལ་གྱི་ཡོ་རོབ་དང་ཨེ་ཤ་ཡ་ཕན་ཚུན་སྦྲེལ་མཐུད་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་མ་འཇོག་གྲོས་ཆོད་གང་མགྱོགས་སུ་འཇོག་རྒྱུར་གཞོལ་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》དོན་འཁྱོལ་ནུས་ལྡན་བྱེད་པ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་དེ་ཕྱོགས་ཁག་ལ་ཕན་པའི་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
     སྨི་ཤེར་གྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་ཐད་བཏོན་པའི་ལྟ་སྟངས་དང་གྲོས་འགོ་ཚང་མར་མོས་མཐུན་ཡོད། ཡོ་རོབ་དང་ཀྲུང་གོའི་དབར་རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དེ་ཕྱོགས་གཉིས་དང་འཛམ་གླིང་གི་ཐུན་མོང་གི་ཁེ་ཕན་དང་མཐུན། སང་ལོར་ཡོ་རོབ་མནའ་འབྲེལ་དུ་མཐོ་རིམ་འགྲོ་འོང་དང་མཉམ་ལས་ཀྱི་གཙོ་གནད་རབ་དང་རིམ་པ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་འབྲེལ་ཡོད་བྱེད་སྒོ་དང་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱེད་པ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་མ་ཟད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་དང་། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་གསུངས། 

  
style="display:none;"