འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་10ཉིན།

༄༅།།ཀན་སུའུ་ཡིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་4བརྡ་
ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་10ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཀན་སུའུ་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་གྱི་དཔེ་མཚོན་གྱི་གྱོད་དཔེ་4བརྡ་ཁྱབ་བཏང་བ་དེ་དག་གནད་སྨིན་དབུལ་སྐྱོར་གྱི་ཆེད་དོན་དངུལ་བུན་སྒེར་སྤྱོད་བྱས་པ་དང་། དབུལ་སྐྱོར་མ་དངུལ་བཙན་ཉར་བྱས་པ། དབུལ་སྐྱོར་ལས་གྲྭའི་མ་དངུལ་ཧམ་ཟ་བྱས་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་དང་། གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་ལས་བྱེད་པ་ཚང་མར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། ཉེས་གསོག་དོགས་པ་ཡོད་པའི་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་བཅས་རེད།
    དཔེ་མཚོན་གྱི་གྱོད་དཔེ་4ནི་ཏིང་ཤིས་གྲོང་ཁྱེར་ལུང་ཤིས་རྫོང་ཧྲོའུ་དབྱང་གྲོང་རྡལ་གྱི་དེ་སྔའི་ཀྲེན་ཀྲང་གཞོན་པ་ཧྲི་ཅིན་ཧྥུང་གིས་གནད་སྨིན་དབུལ་སྐྱོར་གྱི་ཆེད་དོན་དངུལ་བུན་གཞན་སྤྱོད་བྱས་པའི་གནད་དོན། ཧྲི་ཅིན་ཧྥུང་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད་པ་དང་། གཞུང་དངུལ་སྒེར་སྤྱོད་ཀྱི་ནག་ཉེས་བསགས་པས་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཁྲིམས་ཆད་འགྱངས་གཅོད་ལོ་གསུམ་བྱས་པ་དང་།
    ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་བླ་རི་མགུལ་ཤང་མ་རུ་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་ལྷ་མོ་དོན་གྲུབ་དང་གྲོང་ཚོ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་དབུལ་སྐྱོར་མ་དངུལ་བཙན་ཉར་གཞན་སྤྱོད་བྱས་པ་སོགས་ཀྱི་གནད་དོན། མི་གཉིས་ལ་ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་བྱས་པའི་ཆད་པ་བཅད་པ་དང་སྒྲིག་ཁྲིམས་དང་འགལ་བའི་མ་དངུལ་ཚང་མ་ཚུར་བླངས་ཡོད་པ་དང་ཉེས་གསོག་དོགས་པ་ཡོད་པའི་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ།
    ལུང་ནན་གྲོང་ཁྱེར་ཁང་རྫོང་ཝང་པ་གྲོང་རྡལ་ཧོ་ཅ་ཀྲོང་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་ཧོ་ཀྲེང་ཧྲན་གྱིས་དབུལ་སྐྱོར་རོགས་རེས་ཀྱི་དངུལ་བུན་གཡོ་ལེན་བྱས་པའི་གནད་དོན། ཧོ་ཀྲེང་ཧྲན་ལ་ཏང་ནང་ལོ་གཉིས་བཞག་ནས་ལྟ་ཞིབ་བྱ་རྒྱུའི་ཆད་པ་བཅད་པ།
    ཕིང་ལེང་གྲོང་ཁྱེར་ཁུང་ཏུང་ཆུས་སོའུ་ལོའུ་ཤང་ཧུའུ་ཝ་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་ཀྲང་ཧུའུ་ཁྲེང་གིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་གྲྭའི་མ་དངུལ་ཧམ་ཟ་དང་གཞན་སྤྱོད་བྱས་པའི་གནད་དོན། ཀྲང་ཧུའུ་ཁྲེང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་དང་ཉེས་གསོག་དོགས་པ་ཡོད་པའི་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་བཅས་རེད།
    ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ་ནས་བཟུང་། 2019ལོའི་ཟླ་11པར་ཀན་སུའུ་ཞིང་ཆེན་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་7307ཞིབ་བཤེར་ཐག་གཅོད་བྱས་པར་མི་གྲངས་14439ལ་ཐག་གཅོད་བྱས་པའི་ནང་ཁྲིམས་འཛིན་ལས་ཁུངས་ལ་མི་319རྩིས་སྤྲད་པ་རེད།