འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་9ཉིན།

༄༅།།བོད་རིགས་ས་ཁུལ་མཛེས་ཤོས་སྐྲུན་ནས་ཕ་ཡུལ་གྱི་ཉམས་འགྱུར་ནམ་ཡང་གནས་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་09ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། དེ་ཡང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། རྒྱ་ཆེའི་ཞིང་པའི་རྩ་བའི་བདེ་རྩ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ཤེས་དཔལ་ཞི་མཐུན་དང་འབྲེལ་བ་ཡོད། བདེ་ཆེན་ཀྲོའུ་ཡིས་རང་ངོས་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ། རྒྱུན་སྲིང་ལྷོད་མེད་དང་ཡང་འབད་བསྐྱར་འབད་ཀྱིས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་བརྟེན་ནས། སྤྱི་ཚོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
     གྲོང་གསེབ་ཀྱི་གད་སྙིགས་བཅོས་སྒྲིག་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།
      གྲོང་གསེབ་ཏུ་གད་སྙིགས་གང་བྱུང་དུ་སྤུངས་པ་ནི་གྲོང་གསེབ་ཀྱི་ཁོར་ཡུག“བཙོག་ཟིང་ཞན”གསུམ་གྱི་ཐད་ཀའི་མཚོན་ཚུལ་ཡིན་ལ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཀྱང་ཡིན།
      བདེ་ཆེན་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བཏོན་པའི《བདེ་ཆེན་ཉིད་རྒྱལ་ཡོངས་བོད་རིགས་ས་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་གྱི་དཔེ་མཚོན་དམག་ཏུ་བསྐྲུན་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ནང་། 2020ལོར་སླེབས་སྐབས། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་ཐུབ་ཚད་99%ཟིན་པ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་ཐུབ་ཚད་70%ཟིན་པའི་དམིགས་ཚད་བཏོན་པ་རེད། “ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཏེ་མཛེས་སྡུག་ལྡན་པའི་བདེ་ཆེན་སྐྲུན་པའི”བྱ་སྤྱོད་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་ཏེ་དངོས་ཕན་ཐོབ་པའི་རྨང་གཞིའི་ཐོག 《བདེ་ཆེན་ཀྲོའུ་ཡི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་འཆར་གཞི(2016ལོ་ནས་2020ལོ་བར)》པར་འགྲེམས་བྱས་པ་དང་། བདེ་ཆེན་ཀྲོའུ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས《བདེ་ཆེན་ཀྲོའུ་ཡི་གྲོང་གསེབ་འཚོ་བའི་གད་སྙིགས་ཕྱོགས་བསྡུས་བཅོས་སྒྲིག་གི་ལག་བསྟར་ཇུས་གཞི》དང《བདེ་ཆེན་ཀྲོའུ་ཡི་གྲོང་གསེབ་འཚོ་བའི་གད་སྙིགས་ཡུག་འབྲེལ་ཕྱོགས་བསྡུས་བཅོས་སྒྲིག་ལག་བསྟར་ཇུས་གཞི》བཟོས་ནས་ཚན་རིག་དང་མཐུན་པའི་ངང་སྔར་བས་བཀོད་སྒྲིག་བྱས་པ་དང་། ཚུར་བསྡུ་དབོར་འདྲེན་དང་གཙང་སེལ་མ་ལག་ལེགས་སུ་བཏང་སྟེ་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་འཛུགས་སྐྲུན་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།
     གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ།
     འབྲི་ཆུའི་སྟོད་རྒྱུད་དུ་ཆགས་པའི་བདེ་ཆེན་འདི་ཉིད་འཛམ་གླིང་རང་བྱུང་ཤུལ་བཞག་གི“ཆུ་བོ་གསུམ་རྒྱུག་ཁུལ”གྱི་དབུས་སུ་གནས་པས་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་བདེ་ཆེན་ཀྲོའུ་ཡི་དོར་ཐབས་མེད་པའི་འགན་འཁྲི་ཡིན། མངོན་གསལ་དོད་པའི་གནད་དོན་དང་ཁྱབ་ཁོངས་ལ་དམིགས་ནས། བདེ་ཆེན་གྱིས་ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་གྱིས་གཅིག་སྡུད་ཐོག་འགག་སྒྲོལ་བྱས་ཏེ། “ཆུ་དྭངས་བྱ་སྤྱོད”དང་འབྲི་ཆུ་གཙོ་བོར་བྱས་པའི་ཆུ་རྒྱུད་ཆེན་པོ་གཉིས་ཀྱི་སྲུང་སྐྱོང་དང་ཆུ་འགོ་སྲུང་སྐྱོང་དང་། ས་མཐོའི་མཚོ་སྲུང་སྐྱོང་བཅོས་སྒྲིག་དང་ཉམས་གསོ་སོགས་ཀྱི་ཚབ་མཚོན་རང་བཞིན་གྱི་དམག་འཐབ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད། འཐུང་ཆུའི་ཆུ་འགོར་བརྟག་དཔྱད་དཔྱད་དཔོག་དང་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་དབྱེ་མཚམས་གཅོད་པའི་ལས་དོན་སྤེལ་བ་དང་། ཆུ་འགོ་སྲུང་སྐྱོང་ཁུལ་གྱི་ས་མཚམས་མཚོན་རྟགས་བཙུགས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་རྩ་བའི་འགན་ལེན་བྱས་པ་རེད། ལྷག་པར་དུ་གཙང་པོ་དང་མཚོའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་བསྟུན་ནས་གཙང་པོ་དང་མཚོའི་དོ་དམ་གྱི་དཀའ་གནད་འབོར་ཆེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཐུབ་སྟེ། “དོ་དམ་བྱེད་མཁན་མེད་པ”ནས“དོ་དམ་བྱེད་མཁན་ཡོད་པའི”བར་དང“དོ་དམ་གང་ས་ནས་བྱེད་པ”ནས“གཅིག་གྱུར་ཐོག་དོ་དམ་བྱེད་པའི”བར། “དོ་དམ་བྱེད་མ་ཐུབ་པ”ནས“དོ་དམ་ཡག་པོ་བྱུང་བའི”བར་འགྱུར་ལྡོག་བྱུང་བ་རེད།
    གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེའི”ལམ་སྲོལ་བཙུགས་པ།
      གསང་སྤྱོད་ཆུང་ཡང་དམངས་འཚོ་དང་འབྲེལ་བ་ཆེ། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་ནི་དམངས་སེམས་འདུ་འགོད་དང་བདེ་སྐྱིད་ཀྱི་འདུ་འགོད་ཅིག་ཡིན་ལ། ཞིང་པའི་ལོ་ངོ་སྟོང་གི་འཚོ་བའི་གོམས་གཤིས་འགྱུར་བའི་གསར་བརྗེ་ཞིག་ཀྱང་ཡིན། འདི་ལོའི་ཟླ་9ཚེས་28ཉིན། ཞིང་ལས་གྲོང་གསེབ་པུས་བདེ་ཆེན་ཀྲོའུ་རུ་རྒྱལ་ཡོངས་ཀྱི་གྲོང་གསེབ་གསང་སྤྱོད་སྒྱུར་བཀོད་དང་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། 
    བདེ་ཆེན་ཀྲོའུ་ཡིས“གསང་སྤྱོད་གསར་བརྗེའི”སྐོར་གྱི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་མཚམས་གོང་མའི“གསང་སྤྱོད་གསར་བརྗེར”ཐོབ་པའི་ཉམས་མྱོང་དང་གྲུབ་འབྲས་ཕྱོཌ་སྡོམ་ནན་ཏན་བྱས་པ་དང་། ལྷག་པའི་གནད་དོན་དང་ཞན་ཆར་དབྱེ་ཞིབ་བྱས་པ། སེམས་ནུས་གཅིག་སྒྲིལ་དང་དཀའ་གནད་འགག་སྒྲོལ། “གསང་སྤྱོད་གསར་བརྗེའི”ལྗང་མདོག་ཚན་རྩལ་གསར་གཏོད་སྔར་བས་འཚོལ་ཞིབ་བྱས་པ། ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་འཛུགས་སྐྲུན་གཉེར་སྐྱོང་རྣམ་པ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། དམིགས་ཚད་ལས་འགན་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་བཟོས་པ། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་དོ་དམ་བདག་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་ནས“གསང་སྤྱོད་གསར་བརྗེ”གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།