འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་9ཉིན།

༄༅།།རྡོ་སོལ་གཏེར་ཁུལ་འབྲོག་རར་གྱུར། སྲོག་ཆགས་གནས་བཟོད་བདེ་ལ་འཁོད།

—— མཚོ་སྔོན་གྱི་མུ་ལི་རྡོ་སོལ་གཏེར་ཁུལ་གྱི་སྣོད་བཅུད་བཅོས་སྐྱོང་སྐོར་ལ་བསྐྱར་དུ་བཅར་འདྲི་བྱས་པའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་09ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    2014ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་གིས་ས་སྣོན་སྔོ་འདེབས་དང་གཏེར་ཁུང་སྐོང་རྒྱོང་སོགས་སྣོད་བཅུད་བཅོས་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཚུན་མ་དངུལ་དང་མི་ཤུགས་འབོར་ཆེན་བཏང་ཡོད། ལོ་5སོང་རྗེས། གསར་འགོད་པས་ས་ཁུལ་དེའི་ཁོར་ཡུག་བཅོས་སྐྱོང་ལས་དོན་སྐོར་ལ་བསྐྱར་དུ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།
     གསར་འགོད་པ་མུ་ལི་རྡོ་སོལ་གཏེར་ཁུལ་གྱི་ཐེམ་ཆེན་དབྱི་ཧའེ་ཀུང་སིའི་གཏེར་ཁུལ་དུ་བསྐྱོད་ཅིང་། སྒོ་འཛུལ་མ་ཐག་རྩྭ་ལྗང་ཐིང་ངེར་སྐྱེས་པའི་གནས་དེར་ནོར་ལུག་གནས་བཟོད་བདེ་པོས་རྩྭ་བཟའ་བཞིན་པ་མཐོང་བྱུང་། མདུན་དུ་བཅར་ནས་ཞིབ་ལྟ་བྱེད་སྐབས། རྩྭ་སྣ་རེ་འགའི་རིང་ཚད་ལ་ལི་སྨི་20ལྷག་ཙམ་ཡོད་པ་དང་ས་གནས་དེ་གའི་ལུག་རུ་ཟེར་བའི་རི་སྐྱེས་སྐྱེ་དངོས་ཐར་ཐོར་དུ་སྐྱེས་འདུག
    ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་ཝང་ཧྥུང་གིས་མིག་མདུན་གྱི་ཐང་འདི་ནི་དེ་སྔོན་གཏེར་རོ་དང་གཏེར་ཁུང་གིས་ཁེངས་པའི་གནས་ཤིག་རེད། ལོ་རྒྱུས་ཐོག་བཞག་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་ཆེད། ཐེམ་ཆེན་དབྱི་ཧའེ་ཀུང་སིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་11ལྷག་ཙམ་བཏང་བ་དང་ཆབས་ཅིག རིགས་གཅིག་མཁས་ཅན་ཚོགས་པས་དུས་ཡུན་རིང་པོ་སྐྱེ་ལྡན་ལུད་བརྒྱབ་ནས་རྩྭ་འདེབས་པ་དང་རྩྭ་རིགས་སྣ་ལྔ་མཉམ་དུ་འདེབས་པའི་བྱ་ཐབས་འཚོལ་ཞིབ་བྱས་པ་བརྒྱུད། ས་བབ་སྨི་4000ལྷག་ཙམ་ཟིན་པ་དང་འཁྱཌ་པ་ཐེབས་ཡུན་ཟླ་བ་བརྒྱད་ཡན་ཟིན་པའི་ས་གནས་དེར་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་ཐུབ་པ་བྱུང་ཡོད།
    བཅར་འདྲི་དང་ལེན་བྱེད་མཁན་མུ་ལི་རྡོ་སོལ་ཁུལ་གྱི་བཟོ་པས་ཉེ་བའི་ལོ་གཉིས་རིང་། གཏེར་རོ་དང་གཏེར་ཁུང་གིས་ཁེངས་པའི་གནས་དེ་ད་ཆ་སྔོ་ལྗང་ཅན་དུ་གྱུར་སོང་། ཆར་པ་བབ་པའི་དུས་སུ་ཡང་ཆར་ཆུ་གང་སར་རྒྱུག་པའི་གནས་ཚུལ་མཐོང་རྒྱུ་མི་འདུག ཚང་མར་གཏེར་ཁུལ་གྱི་མཁའ་རླུང་གཙང་དུ་ཕྱིན་པ་དང་གསོ་རླུང་འདང་ངེས་ཡོད་པའི་ཚོར་སྣང་བྱུང་འདུག་ཅེས་བཤད་བྱུང་།
    སྣོད་བཅུད་ལེགས་སུ་སོང་བས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྣ་ཚོགས་ཀྱང་བསྐྱར་དུ་ལོག་སླེབས། ཝང་ཞའོ་ཧྥུང་གིས་ད་ཆ་མུ་ལི་རྡོ་སོལ་གཏེར་ཁུལ་ནས་ཝ་མོ་དང་། རྐྱང་། སྤྱང་ཀི གཉན་སོགས་རྟག་ཏུ་མཐོང་རྒྱུ་འདུག སྲོག་ཆགས་དེ་དག་མི་དང་འབྲེལ་འདྲིས་བྱུང་རྗེས། ལས་མིའི་ཉལ་ཁང་ཁུལ་དུ་ལྟོ་འཚོལ་བར་ཡོང་གི་འདུག་ཅེས་གསར་འགོད་པར་བཤད་བྱུང་།
     འདི་ལོ་ལོ་29ལ་སླེབས་པའི་དཀོན་མཆོག་ཚེ་རིང་ནི་མུ་ལི་གཏེར་ཁུལ་གྱི་མཐའ་འཁོར་དུ་འཚོ་བའི་འབྲོག་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཕ་ཡུལ་ལ་འགྱུར་ལྡོག་རབ་དང་རིམ་པ་བྱུང་བ་མཐོང་སྐབས་སེམས་གཏིང་ནས་སྐྱིད་པོ་འདུག་ཅེས་དཀོན་མཆོག་ཚེ་རིང་གིས་བཤད་བྱུང་།
    “འབྲོག་པ་ཚོས་གཏེར་ཁུལ་དུ་རིན་མི་དགོས་པར་ཕྱུགས་རིགས་འཚོ་ཆོག་གི་འདུག གཏེར་ཁུལ་དུ་སྐྱེས་པའི་རྩྭ་ཡིས་ངའི་ཕྱུགས་རིགས་ཀྱི་དགུན་སྐྱེལ་གཟན་རྩྭའི་དགོས་མཁོ་ཚང་མ་སྐོང་ཐུབ་ཀྱི་འདུག” དཀོན་མཆོག་ཚེ་ཚིང་གིས་གཏེར་ཁུལ་དུ་རྩྭ་ཡག་པོ་སྐྱེས་པར་བརྟེན། དགུན་དུས་སུ་འབྲི་གཡག་གི་ཤ་ཤེད་ཤོར་བའི་གནས་ཚུལ་ཐོན་ཉུང་དུ་སོང་ནས་ལོ་ཕྱི་མར་བཤས་བཏང་བར་ཡོང་འབབ་མི་ཉུང་བ་ཞིག་ཡོང་གི་འདུག་ཅེས་བརྗོད།