འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་8ཉིན།

༄༅།།མཚོ་སྔོན་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམ་པོར་དམིགས་ནས་
ཆེད་དོན་བཅོས་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་08ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་དང་། རིགས་དབྱེའི་ཞིབ་བཤེར། རྒྱུན་གཏན་ལས་དོན་ཁྲོད་ཁོང་དུ་ཆུད་པའི་གནས་ཚུལ་བཅས་ཟུང་འབྲེལ་གྱིས་ཁག་ཐེངས་གཉིས་ལ་བགོས་ནས་ཞིང་ཆེན་ཐད་གཏོགས་སྣེ་ཁྲིད་ཚན་པ་18སྔ་རྗེས་སུ་བཀོད་གཏོང་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་དང་གནོད་འཚེ་གཏོང་བའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ནས་མང་ཚོགས་ཀྱི་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱས་པ་དང་། ཁག་ཐེངས་བགོས་ནས་བཅོས་སྒྲིག་བྱས་འབྲས་གཅིག་མཇུག་གཉིས་མཐུད་ངང་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་དཔྱད་བརྗོད་དང་ལེན་བྱས་པ་རེད།
      ཆེད་དོན་བཅོས་སྒྲིག་བྱས་ཚུན། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཤིང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་11.89ཚང་མ་སྡོད་ཁང་གསར་པར་སྤོས་པ་དང་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་272ལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བསྐྲུན་པ་དང་ཚང་མར་ཁྱབ་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1332ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་སྤྱིར་ན་ལེགས་གྲུབ་ཟིན་ནས་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད། རྫོང་39ཡི་འཐུང་ཆུའི་རྣམ་གྲངས་སྐྲུན་འགོ་ཚུགས་ནས་མི་འབོར་དབུལ་པོ་ཁྲི་2.1ལ་བདེ་འཇགས་འཐུང་ཆུ་འགན་ལེན་བྱུང་ཡོད།
     དེ་དང་ཆབས་ཅིག་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་དང་། ཟ་ཁང་། དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའ་གཉེར་སྐྱོང་ཚོང་དུད་ཁྲི་1.63ལ་གྲལ་བཤེར་བྱས་པར་མངོན་མེད་གནད་དོན་ཁག་1167ཞིབ་བཤེར་ཐུབ་པ་དང་། གནད་དོན་ཁག་21གྱོད་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་ཐག་གཅོད་བྱས་པ། དངུལ་ཆད་སྒོར་ཁྲི་8.6བཏང་བ། ཁྲིམས་འགལ་གཉེར་སྐྱོང་བཟའ་བཅའི་སྦྱོར་རྟ་སྤྱི་རྒྱ་1203.5གཞུང་བཞེས་བཏང་བ། ཚོང་དུད་856ལ་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ། ཚོང་དུད་242ལ་ཐ་ཚིག་བསྒྲགས་པ་རེད། སློབ་གྲྭའི་བཟའ་བཅའི་བདེ་འཇགས་འགན་ཁུར་བ་མི་ཐེངས་297དང་ཚོང་པ་མི་ཐེངས་235ལ་སྐོང་འདྲི་བྱས་པ་རེད།