འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་7ཉིན།

༄༅།།གཙང་གསུམ་ཆུ་འགོའི་ཁུལ་དུ་ཝ་མོའི་ཚང་བཟོས་ཏེ་ཨ་བྲའི་གནོད་འཚེ་འགོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་07ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། མཚོ་བོད་ས་མཐོའི་གཙང་གསུམ་ཆུ་འགོའི་ཁུལ་གྱི་ཞིབ་འཇུག་མི་སྣས་ཐང་སྟོང་དུ་ཝ་མོའི་ཚང་བཟོས་ནས་ཨ་བྲ་བཟུང་བར་བརྟེན་ས་ཁུལ་ཆ་ཤས་སུ་ཨ་བྲ་མེད་པར་བཟོ་བའི་དམིགས་ཚད་ཐོག་མར་གྲུབ་ཡོད། ཉེ་ཆར། མི་མེད་དམར་ཕྱིའི་པར་ཆས་ནས་ཝ་མོ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྣ་ཚོགས་མི་བཟོས་ཚང་ནང་དུ་འཚོ་སྡོད་བྱེད་པ་ཤེས་རྟོགས་བྱུང་བ་རེད།
    གཙང་གསུམ་ཆུ་འགོའི་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དང་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་སུ་གནས་ཡོད། སྔོན་མ་མིའི་རིགས་ཀྱི་བྱེད་སྒོ་དང་གནམ་གཤིས་ཀྱི་འགྱུར་ལྡོག་སོགས་ཀྱི་དབང་གིས་སྤང་ལྗོངས་སོགས་སྣོད་བཅུད་མ་ལག་རིམ་གྱིས་ཉམས་ཞན་དུ་ཕྱིན་པ་དང་། ས་མཐོའི་ཨ་བྲ་དང་རི་བོང་གི་གྲངས་འབོར་ཡང་མང་དུ་ཕྱིན་པ་མ་ཟད། སྔོ་ཁེབས་དེ་ཙམ་མང་པོ་མེད་པའི་ས་ཁུལ་གྱི་སྤང་རྩྭ་ཨ་བྲས་བཟས་ནས་སྐྱ་ཐེར་ཐེར་དུ་གྱུར་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། བར་སྐབས་ཤིག་རིང་གཙང་གསུམ་ཆུ་འགོའི་ཁུལ་དུ་ཨ་བྲའི་གནོད་འཚེ་ཕོག་པའི་རྩྭ་ཐང་སྤྱི་ཆིང་ཁྲི་བརྒྱ་ཟིན་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་ཁུལ་དུ་ཚན་རིག་དང་སྣོད་བཅུད་དང་མཐུན་པའི་ཨ་བྲའི་གནོད་འཚེ་འགོག་བཅོས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ཤིང་། 2017ལོར་ཝ་མོའི་ཚང་བཟོས་ནས་ཨ་བྲ་གསོད་པའི་བྱེད་ཐབས་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་དུ་ཚོད་ལྟ་བྱས་ཡོད། ཨ་བྲ་མང་བའི་ཚོད་ལྟའི་ཁུལ་དུ་ཞིབ་འཇུག་མི་སྣས་སྤྱི་ཆིང་300དང་སྤྱི་ཆིང་350ཡི་ས་ཁོངས་སུ་ཝ་མོའི་ཚང་བཟོས་པ་དང་། ཕྱི་ངོས་སུ་དྲོད་སྲུང་རྒྱུ་ཆ་སྤྱད་ལ། ཚང་གི་གཏིང་ཚད་ལ་ལི་སྨི་80ཙམ་ཡོད་པ་དང་ཆུ་སིམ་ཐུབ་པ་མ་ཟད། ད་དུང་ཚང་གི་ནང་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་རྗེས་སུ་ཚང་ཆེ་རུ་གཏོང་བའི་སྟོང་ཆའང་བཞག་ཡོད་པ་རེད།
     ལོ་གསུམ་འཚོལ་ཞིབ་དང་ཞིབ་འཇུག་བཟོ་བཅོས་བྱས་པ་བརྒྱུད། མི་བཟོས་ཚང་གི་ཉེ་འགྲམ་དུ་བཞག་པའི་མི་མེད་དམར་ཕྱིའི་པར་ཆས་ལས་ཉེ་ཆར་ཝ་མོ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་པོ་དེ་གར་འཚོ་སྡོད་བྱེད་པ་མཐོང་བ་རེད།
     རིགས་གཅིག་མཁས་ཅན་ལ་བཅར་འདྲི་བྱས་པ་བརྒྱུད། ཝ་མོ་སོགས་ཀྱིས་ལོ་ལྟར་ཨ་བྲ་སྟོང་ལ་ཉེ་བ་གསོད་པས་ཉེ་འཁོར་ས་ཁོངས་ཀྱི་ཨ་བྲའི་གྲངས་འབོར་ཉུང་དུ་ཕྱིན་པ་མ་ཟད། སྣོད་བཅུད་དོ་སྙོམས་སླར་གསོ་དང་རྩྭ་ར་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཚད་འགྲུབ་ཐུབ་ཅེས་བརྗོད།
     ལག་རྩལ་དེ་གསར་གཏོད་བྱེད་མཁན་མགོན་པོ་ནི་རྨ་སྟོད་རྫོང་གི་རྒན་ཡོལ་ལས་བྱེད་པ་ཞིག་ཡིན་པ་དང་། སྔོན་མ་འབྲོག་ཁུལ་རྩྭ་ཐང་དུ་ལས་ཀ་ཡུན་རིང་བྱེད་མྱོང་བས་ཨ་བྲའི་གནོད་འཚེའི་གནས་ཚུལ་གསལ་པོར་ཤེས་ཀྱི་ཡོད། ཁོང་གིས་གསར་འགོད་པར། མིས་བཟོས་པའི་ཚང་བརྟན་ལ་མངོན་གསལ་མེད་པ་དང་། དྲོད་སྲུང་ཐུབ་པ་མ་ཟད། ཆར་པ་ཡང་འགོག་ཐུབ་པས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཆུང་གྲས་ཚོ་ས་མཐོའི་གནམ་གཤིས་ལ་འཕྲོད་ཐུབ་པ་དང་། དུས་མཚུངས་སྣོད་བཅུད་སྦགས་བཙོག་དང་གཏོར་བཤིག་ཕོག་རྒྱུ་འགོག་ཐུབ་ཁར། རྒྱུ་ཆ་དང་གྲུབ་ཆ་སྟབས་བདེ་ཡོད་པས་ཁྱབ་གདལ་གཏོང་བའི་རིན་ཐང་ཆེན་པོ་ལྡན་ཡོད། སླད་ཕྱིན་གཙང་གསུམ་ཆུ་འགོའི་ས་གནས་ཁག་ཏུ་རིམ་གྱིས་ཚོད་ལྟ་དང་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད།