འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅།།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་“2019
ལོའི་ཡུ་གུར་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲིད་ཇུས་ཀྱི་ཁྲིམས་གཞི”ཟེར་བ་གྲོས་འཆམ་བྱས་པར་
ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་རྒོལ་གཏམ་དྲག་པོ་བཏང་བ།  

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན། ས་གནས་དེའི་དུས་ཚོད་ཟླ་12ཚེས་3ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས་ཀྲུང་གོའི་ངོ་རྒོལ་དྲག་པོ་དང་དྲང་ནན་གྱི་འབྲེལ་གཏུག་བྱས་པར་མ་ལྟོས་པར། ཨུ་ཚུགས་ཀྱིས་“2019ལོའི་ཡུ་གུར་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲིད་ཇུས་ཀྱི་ཁྲིམས་གཞི”ཟེར་བ་གྲོས་འཆམ་བྱས་པ་རེད། འདི་ནི་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ངང་ཐེ་ཇུས་བྱས་པ་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་མངོན་སུམ་འཛེམ་མེད་ངང་རྡོག་རོལ་བཏང་བ་ཞིག་རེད། “ཁྲིམས་གཞི”དེ་ནི་དོན་དངོས་དང་འགལ་ཞིང་། དཀར་ནག་གོ་ལྡོག་པ། ཀྲུང་གོས་ཤིན་ཅང་བཅོས་སྐྱོང་བྱེད་པའི་སྲིད་ཇུས་ལ་ཕྱོགས་རིས་ཀྱི་ལྟ་ཚུལ་གྱིས་ཁེངས་པ། ཤིན་ཅང་གི་འཕེལ་རྒྱས་གྲུབ་འབྲས་བརྩིས་མེད་དུ་བཏང་བ། ཡུ་གུར་རིགས་ཚུད་པའི་ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་དོན་དངོས་བསམ་ཚུལ་སྣང་མེད་དུ་བཏང་བ་ཞིག་ཡིན་པས།  སླར་ཡང་ཨ་རིའི་རྒྱལ་ཚོགས་ཀྱི་མཐའ་ཚད་མེད་པའི་ཚད་གཞི་གཉིས་དང་གཡོ་རྫུས་སྐྱུག་བྲོ་བའི་བཙན་དབང་གི་གཏན་ཚིགས་ཕྱིར་མངོན་ཡོད་པ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན།
   ཤིན་ཅང་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞིང་། ཤིན་ཅང་གི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག   དུས་ཡུན་རིང་པོའི་ནང་།  ཨ་རིའི་སྲིད་ཚོང་བ་འགའ་རེས་“ཕྱོགས་གཏོགས་གསུམ་"གྱིས་ཤིན་ཅང་དུ་རྩུབ་སྤྱོད་སྤེལ་བ་མཐོང་ཡང་མ་མཐོང་བ་ལྟར་བྱེད་པ་དང་། རྩུབ་སྤྱོད་ཀྱི་འཇིགས་སྐུལ་ཕོག་པའི་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་མི་ལུས་བདེ་འཇགས་ལ་དོ་ཁུར་རྩ་བ་ནས་བྱེད་མྱོང་མེད། ད་ཆ་། "འགྲོ་བ་མིའི་ཐོབ་ཐང་སྲིད་ཇུས་ཀྱི་ཁྲིམས་གཞི”ཟེར་བས་"ཕྱོགས་གཏོགས་གསུམ་"ལ་ངན་སྐུལ་རྒྱབ་རྩ་བྱས་པས་དེས་ཨ་རིའི་སྲིད་ཚོང་བ་འགའ་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱིས་"ཤིན་ཅང་གི་གནད་དོན་”ཟེར་བར་ཁ་གཡར་ནས་བཀག་སྡོམ་བྱེད་པ་དང་རང་རྒྱལ་ཁ་ཕྲལ་གཏོང་བའི་སྐྱུག་བྲོ་བའི་བསམ་ངན་ཕྱིར་མངོན་ཡོད།