འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས
“2019ལོའི་ཡུ་གུར་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཁྲིམས་གཞིར”
གྲོས་འཆམ་བྱུང་བར་གསལ་བསྒྲགས་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་4ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་རྒྱལ་ཚོགས་གྲོས་ཁང་འོག་མས“2019ལོའི་ཡུ་གུར་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཁྲིམས་གཞིར”གྲོས་འཆམ་བྱུང་བར་གསལ་བསྒྲགས་སྤེལ་ལ། གསལ་བསྒྲགས་ཀྱི་ནང་དོན་གཤམ་གསལ། 
     ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མས“2019ལོའི་ཡུ་གུར་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཁྲིམས་གཞིར”གྲོས་འཆམ་བྱུང་ནས་ཀྲུང་གོའི་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་ཚིག་མཚོན་བཏབ་པ་དང་། ཀྲུང་གོས་ཐལ་སྐྱོད་ཅན་མེད་པར་བཟོ་བ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་འབད་བརྩོན་ལ་འཁྱོག་བཤད་དང་ནག་བཟོ། ཀྲུང་གོ་སྲིད་གཞུང་གིས་ཤིན་ཅང་སྐྱོང་བའི་སྲིད་ཇུས་ལ་དོན་མེད་སྐྱོན་འཛུགས་བཅས་བྱས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པ་རེད། ང་ཚོ་དེའི་ཐད་ལ་ཁོང་ཁྲོ་ཆེན་པོ་ལངས་ཤིང་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། 
     ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སུ་ལས་རིགས་རྩལ་ནུས་སློབ་གསོའི་གསོ་སྦྱོང་ལྟེ་གནས་བཙུགས་ནས་ལས་རིགས་རྩལ་ནུས་སློབ་གསོའི་གསོ་སྦྱོང་ལས་དོན་སྤེལ་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་། ཉེས་ཁྲིམས། ཉེས་དོན་གཏུག་བཤེར་སྐོར་གྱི་བཅའ་ཁྲིམས། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་ཆོས་ལུགས་ལས་དོན་སྲོལ་ཡིག་བཅས་དང་། དེ་བཞིན《ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི〈འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》དང《ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཐལ་སྐྱོད་མེད་པར་བཟོ་བའི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་བཙུགས་པ་དང་ལག་བསྟར་བྱས་པ་ཞིག་རེད། ཤིན་ཅང་གི་སློབ་གསོའི་གསོ་སྦྱོང་ལྟེ་གནས་བཙུགས་པ་དང་ལག་བསྟར་བྱས་པའི་དམིགས་ཡུལ་ནི་འཇིགས་སྐུལ་རིང་ལུགས་དང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་ཐོན་པ་དང་མཆེད་པའི་ཆ་རྐྱེན་མེད་པར་བཟོ་བ་དང་འཇིགས་སྐུལ་བྱེད་སྤྱོད་ཐོན་མང་བའི་འཕེལ་ཕྱོགས་བཀག་འགོག་ནུས་ལྡན་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་དབང་ཆ་དང་། བདེ་ཐང་དབང་ཆ། འཕེལ་རྒྱས་དབང་ཆ་བཅས་འགན་ལེན་གང་ཐུབ་བྱ་རྒྱུ་དེ་རེད། དེ་ནི་རྒྱ་ཆེའི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་ཡག་ཤོས་བྱས་པ་ཞིག་རེད་ལ་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཀྱང་རེད། 
     འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་སྤྱི་དགྲ་ཡིན། འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྤྱོད་མེད་པར་བཟོ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་བྱ་ཐབས་ནི་ནུས་ལྡན་ཞིག་ཡིན་པ་དོན་དངོས་ཐོག་ནས་ར་སྤྲོད་བྱས་ཡོད་ལ། ཤིན་ཅང་གི་བདེ་འཇགས་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ལོ་གསུམ་བསྟུད་མར་དྲག་འཇིགས་ཀྱི་དོན་རྐྱེན་བྱུང་མེད་ཀྱང་། མི་རྣམས་བློ་ཕམ་དགོས་པ་ཞིག་ནི་ཨ་རིའི་རྒྱལ་ཚོགས་ཀྱིས་ཤིན་ཅང་གིས་ཁྲིམས་ལྟར་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་བྱེད་པའི་འབད་བརྩོན་དེ་མཐོང་ཡང་མ་མཐོང་བ་ལྟར་བྱས་པ་དང་། མིག་སྔའི་ཤིན་ཅང་གི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་མཐོང་ཡང་མ་མཐོང་བ་ལྟར་བྱས་པ་མ་ཟད། དོན་དངོས་རྫུན་བཟོ་དང་ཀྲུང་གོའི་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་མེད་པར་བཟོ་བའི་དྲང་བདེན་གྱི་བྱ་སྤྱོད་ལ་འཁྱོག་བཤད་དང་ནག་བཟོ་བྱས་པ་རེད། འདི་ནི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དཔེ་མཚོན་གྱི་ཚད་གཞི་ཉིས་བརྩེགས་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཀྱི་གཡོ་ཟོལ་དམར་རྗེན་དུ་བཏོན་པ་ཡིན། 
     ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་ཞིག་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ཨ་རིའི་རྒྱལ་ཚོགས་ཀྱིས་ཆབ་སྲིད་ཀྱི་ཕྱོགས་ཞེན་དོར་བ་དང་། ཀྲུང་གོ་ཕྱོགས་ལ་གནོན་ཤུགས་སྤྲོད་པའི་ནོར་འཁྲུལ་གྱི་བྱེད་སྟངས་དོར་བ། ཀྲུང་གོ་ཕྱོགས་ལ་དོན་མེད་སྐྱོན་འཛུགས་བྱེད་མཚམས་འཇོག་པ། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་དང་ཕྱོགས་གཉིས་པོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་མཉམ་ལས་བྱ་རྒྱུར་འགོག་རྐྱེན་བཟོ་མཚམས་འཇོག་པ་བཅས་བྱ་རྒྱུའི་སྐུལ་ལྕག་དྲག་པོ་གཏོང་རྒྱུ་ཡིན།