འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་5ཉིན།

༄༅༎“ན་ཆུང་སྲུང་སྐྱོང·སློབ་ཁང་དུ་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ”བྱེད་སྒོས་སློབ་མ་ཁྲི་24ལ་དྲ་རྒྱའི་
བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་05ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་29ཉིན་རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་གིས་ཐེང་ཤུན་དང་མཉམ་འབྲེལ་ཐོག་གཉེར་བའི“ན་ཆུང་སྲུང་སྐྱོང·སློབ་ཁང་དུ་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ”གཏོང་བའི་2019ལོའི་གྲོང་གསེབ་ཏུ་བསྐྱོད་པའི་བྱེད་སྒོ་ཡུན་ནན་དང་ཧྲན་ཤིས་ཞིང་ཆེན་གཉིས་སུ་སྤེལ་བ་དང་། ན་ཆུང་སྲུང་སྐྱོང་གི་བདེ་འཇགས་སློབ་ཚན་གྱི་དགེ་རྒན་རྣམས་ཀྱིས་ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་ཧུའེ་ཙེ་རྫོང་གི་དབྱི་ཙེ་ཙུན་དོང་སློབ་ཆུང་དང་ཧྲན་ཤིས་ཞིང་ཆེན་ཅིན་ཀྲུང་གྲོང་ཁྱེར་ཕིང་ཡའོ་རྫོང་གི་ཚོད་ལྟ་སློབ་ཆུང་དུ་བསྐྱོད་ནས་དྲ་རྒྱའི་བདེ་འཇགས་སློབ་ཚན་གྱི་དཔེ་སྟོན་སློབ་ཚན་ཁྲིད་པ་མ་ཟད། ཡུལ་དེ་གའི་སློབ་གྲྭར“ན་ཆུང་སྲུང་སྐྱོང་ལྟ་ཀློག་ཁང”བསྐྲུན་རོགས་བྱས་པ་དང་སྦྲགས། “ན་ཆུང་སྲུང་སྐྱོང·སློབ་ཁང་དུ་དྲ་རྒྱའི་བདེ་འཇགས་ཤེས་བྱ་ཁྱབ་གདལ”གཏོང་བའི་2019ལོའི་གྲོང་གསེབ་ཏུ་བསྐྱོད་པའི་བྱེད་སྒོ་ཡང་བདེ་བླག་ངང་མཇུག་འགྲིལ་བ་རེད།
     དྲ་རྒྱ་མགྱོགས་མྱུར་ཁྱབ་གདལ་སོང་བ་དང་བསྟུན་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པས་དྲ་བ་བརྒྱུད་ནས་གྲོང་ཁྱེར་གྱི་བྱིས་པ་དང་མཉམ་དུ་གྲངས་འཛིན་གྱི་གོ་སྐབས་མཉམ་སྤྱོད་ཐུབ་ཀྱི་ཡོད། འོན་ཀྱང་འཚོ་བའི་ཁོར་ཡུག་དམིགས་བསལ་ཆེ་བའི་དབང་གིས་གྲོང་གསེབ་ཀྱི་བྱིས་པ་དང་ལྷག་དོན་དུ་གཞིས་ལུས་བྱིས་པར་དྲ་བའི་འཚོ་བའི་ཁྲོད་དགོས་ངེས་ཀྱི་རོགས་ཟླ་དང་སྣེ་ཁྲིད་དཀོན་པས་དྲ་བའི་ཤུགས་རྐྱེན་དེ་བས་ཐེབས་སླ་པོ་ཡོད་པར་བརྟེན། དྲ་བའི་བདེ་འཇགས་སློབ་གསོའི་གནད་དོན་ཅུང་མངོན་གསལ་དོད་པ་རེད།
     ད་ལོའི་ཟླ་9པ་ནས་11པའི་རིང་། ན་ཆུང་སྲུང་སྐྱོང་འཆད་ཁྲིད་དགེ་རྒན་ཚོགས་པས་ས་གནས་ཁག་གི“འཆལ་རྡུང་ལོག་སེལ”གཞུང་དོན་ཁང་དང་མཉམ་དུ་ཧུའུ་པེ་དང་། ཅང་ཤིས། ཧྥུའུ་ཅན། ཀྲེ་ཅང་། ཁྲུང་ཆིང་། ཧྲན་ཤིས། ཡུན་ནན་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་བཅུ་གཉིས་ཀྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཡོད་སར་སྔ་རྗེས་སུ་བསྐྱོད་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་དང་དེ་བཞིན་དགེ་རྒན་ལ་དམིགས་ནས་དྲ་བའི་བདེ་འཇགས་དཔེ་སྟོན་སློབ་ཚན་ཁྲིད་ཅིང་། སློབ་ཚན་ནང“ཚེ་སྲོག་བདེ་འཇགས་ཀྱི་སློབ་གསོ”དང་། “རིན་ཐང་ལྟ་བ་ཡག་པོ་བརྒྱུད་སྤེལ”“དཀྲོག་གཏམ་ལ་ཡིད་མི་ཆེས་པ་དང་དཀྲོག་གཏམ་མི་སྤེལ་བ” “ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་དྲ་བ་སྤྱོད་པ”སོགས་ཀྱི་ནང་དོན་ཚུད་ཅིང་། 2019ལོར་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་24ལྷག་ཙམ་ལ་དྲ་བའི་བདེ་འཇགས་ཤེས་བྱ་ཁྱབ་་གདལ་བཏང་བ་རེད།