འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་4ཉིན།

༄༅།།བོད་ལྗོངས་སྒེར་རྩེ་རྫོང་འོ་མ་ཤང་ཆམས་འགུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་
ཀྱིས་མང་ཚོགས་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་དེ་“དོན་ཆེན་ཨང་དང་པོ”ཡིན་ཞེས་བརྗོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སྒེར་རྩེ་རྫོང་འོ་མ་ཤང་ཆམས་འགུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་
ཀྱིས་མང་ཚོགས་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་དེ་“དོན་ཆེན་ཨང་དང་པོ”ཡིན་ཞེས་བརྗོད།
    མི་དམངས་དྲ་བའི་འཕྲིན། “ཧྲུའུ་ཅི་ཞིག་གི་ངོས་ནས། འབྲོག་ཁུལ་གྱི་མང་ཚོགས་རྣམས་མཉམ་དུ་ཕྱུག་པོ་ཡོང་བ་བྱ་རྒྱུ་ནི་ངའི་འོས་འགན་ཡིན།"ཉི་མ་དོན་གྲུབ་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་ཆམས་འགུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། 1965ལོར། ཁོང་ཆམས་འགུག་གྲོང་ཚོའི་འབྲོག་ཁྱིམ་ཕལ་པ་ཞིག་ཏུ་སྐྱེས་པ་དང་། ཆུང་དུས་ནས་ཕྱུགས་འཚོས་ནས་ཚར་ལོངས་བྱུང་བའི་ཁོང་ལ་མཚོན་ན། གྲོང་ཚོའི་ནང་གི་གནས་ཚུལ་ལག་སྟེང་གི་རི་མོ་བཞིན་རྒྱུས་མངའ་ཆེན་པོ་ཡོད།“གྲོང་ཚོ་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ཡན་དུ་གནས་ཤིང་། རང་བྱུང་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད་།  མང་ཚོགས་ཀྱིས་སློབ་གསོ་མྱོང་ཚད་དམའ་ལ། ངལ་རྩོལ་རྩལ་ནུས་ཞན་པས་དུས་རྒྱུན་དུ་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད།”
   ཉི་མ་དོན་གྲུབ་ཀྱིས་ཆམས་འགུག་གྲོང་ཚོའི་ཏང་ཀྲུ་པུའི་ཧྲུའུ་ཅི་བྱས་པ་ནས་བཟུང་། མང་ཚོགས་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་"དོན་ཆེན་ཨང་དང་པོར་"བརྩིས་ཀྱི་ཡོད།  2012ལོར་།  གྲོང་ཚོའི་ནང་མཉམ་སྡེབ་དངུལ་སྤྱད་ནས་ཇ་ཁང་ཞིག་བཙུགས་པ་དང་། 2013ལོར། མ་དངུལ་སྒོར་ཁྲི་50བཏང་ནས་ཚོང་ཁང་ཞིག་བཙུགས་པ་རེད། ལོ་དང་པོར་ཡོང་འབབ་སྒོར་ཁྲི་20བྱུང་བ་དང་། དེ་རྗེས། གྲོང་ཚོའི་ནང་རླངས་འཁོར་ཉམས་གསོ་ཁང་སོགས་བཙུགས་ཤིང་། ཆམས་འགུག་གྲོང་ཚོ་དེ་དེ་སྔོན་གྱི་སྲོལ་རྒྱུན་གྱི་ཁེ་རྐྱང་འབྲོག་ལས་ནས་རིགས་འདྲ་མིན་གྱི་ཐོན་ལས་ཆུང་གྲས་མཉམ་གནས་ཤིག་དུ་འཕེལ་རྒྱས་ཕྱིན་ཡོད་པས་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱང་ཚད་གཞི་ངེས་ཅན་གྱི་ཐོག་ནས་མཐོ་རུ་སོང་ཡོད།
    ཆམས་འགུག་གྲོང་ཚོ་དེ་རྫོང་ཡོངས་ཀྱི་འབྲོག་ཁུལ་བསྒྱུར་བཅོས་ཀྱི་ཚོད་ལྟའི་གྲོང་ཚོའི་མིང་ཐོའི་ནང་བཀོད་ཡོད། ཉི་མ་དོན་གྲུབ་ཀྱིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་སྣེ་འཁྲིད་དེ་ཐར་ཐོར་གྱི་ཆེད་ལས་མཉམ་ལས་ཁང་རྩ་འཛུགས་བསྡུ་སྒྲིལ་བྱས་ནས་"ཆམས་འགུག་གྲོང་ཚོའི་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་ ”བཙུགས་པ་དང་། འདས་ཟིན་པའི་རགས་ལས་རྣམ་པའི་གཉེར་སྐྱོང་དེ་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་རྣམ་པར་བསྒྱུར་ཞིང་། གྲོང་ཚོའི་ནང་གི་དུད་ཁྱིམ་71གྱི་མི་256གིས་རང་འགུལ་ངང་མཉམ་ལས་ཁང་ནང་ཞུགས་རྒྱུའི་རེ་ཞུ་བྱས་ཡོད། 2016ལོར། ཆམས་འགུག་གྲོང་ཚོར་ཡོང་འབབ་སྒོར་ཁྲི་130ཙམ་བྱུང་ཡོད་ཅིང་། ཁོང་ཚོས་དེའི་ཁྲོད་ཀྱི་སྒོར་ཁྲི་105འབྲོག་པ་རྣམས་ལ་བགོས་འགྲེམས་བརྒྱབ་ཡོད་པ་དང་བགོས་འགྲེམས་རྒྱག་སྟངས་ནི་འབྲོག་མིས་མ་རྐང་ནང་ཞུགས་ཚད་དང་ལོ་ཧྲིལ་པོའི་སྤྱིའི་ལས་ཞུགས་སྐར་གྲངས་ལ་གཞིགས་ཡོད།
    ཉི་མ་དོན་གྲུབ་ཀྱི་སྣེ་ཁྲིད་འོག  མཉམ་ལས་ཁང་ལ་"ངལ་རྩོལ་ནུས་ཤུགས་གཅིག་གྱུར་བཀོད་སྒྲིག་དང་། རྩྭ་ར་གཅིག་གྱུར་དོ་དམ། འབྲོག་ཟོག་གཅིག་གྱུར་ཉོ་ཚོང་བཅས་བྱས་ནས། ཚོང་གཉེར་ཡོང་འབབ་གཅིག་གྱུར་བགོ་བཤའ་དང་།  ངལ་རྩོལ་ནུས་ཤུགས་མེད་པ་དང་མི་ཧྲེང་རྒན་རྒོན་གཅིག་གྱུར་བསྙེན་བཀུར།  སློབ་གྲྭར་འགྲོ་མཁན་སློབ་མར་གཅིག་གྱུར་སྐར་གྲངས་འགོད་པ་"ཡི་“གཅིག་གྱུར་དྲུག་”གི་བྱེད་སྟངས་རྣམ་པ་བཙུགས་ཡོད། གྲོང་ཚོའི་བསྡུ་བསྒྲིལ་མ་དངུལ་དེ་ཞིང་འབྲོག་ལས་དང་། ཆུ་བེད། དབུལ་སྐྱོར་སོགས་ཞིང་པ་དང་འབྲེལ་བའི་རྣམ་གྲངས་ལ་རོགས་སྐྱོར་བྱ་རྒྱུ་དང་། གྲོང་མི་མང་པོ་ཁེ་རྐྱང་འབྲོག་ལས་ཐོན་སྐྱེད་ནས་གྲོལ་བ།  ཐག་ཉེ་བ་དང་སྟབས་བདེ་བའི་ལམ་བཟོའི་ལས། གྱང་བཟོ་བ། དྲོད་ཁང་བསྐྲུན་པ་སོགས་ཐད་ཀྱི་ཨར་ལས་ལ་སྤྱོད་རྒྱུ་ཡིན་པ་རེད།

    2017ལོར།  ཆམས་འགུག་གྲོང་ཚོ་དེ་སྒེར་རྩེ་རྫོང་གི་དབུལ་ཞྭ་ཕུད་པའི་གྲོང་ཚོ་ཨང་དང་པོར་གྱུར་ཞིང་། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྲིད་ཇུས་རང་བཞིན་གྱི་ཁ་གསབ་མ་དངུལ་ཚུད་མེད་པའི་གནས་ཚུལ་འོག་སྒོར་14701ཟིན་ཡོད།  ཉི་མ་དོན་གྲུབ་ཀྱིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་སྣེ་འཁྲིད་དེ་སྤྱིའི་ཡོང་འབབ་ཀྱི་82%མང་ཚོགས་ལ་བགོ་བཤའ་བརྒྱབ་པ་དང་། 4%ངལ་རྩོལ་ནུས་ཤུགས་མེད་པ་དང་དབང་སྐྱོན་མི་ཧྲེང་རྒན་རྒོན་ལ་སྤྱད་པ། 6%མཉམ་ལས་ཁང་གི་དོ་དམ་མི་སྣའི་གཞི་རྩའི་གླ་ཆར་སྤྱད་ཡོད་པ་རེད།  དེ་མིན་གྱི་8%དེ་མཉམ་ལས་ཁང་གི་ཉེན་ཁའི་མ་དངུལ་དང་གཉེར་སྐྱོང་མ་དངུལ་ལ་བཞག་ཡོད། 2018ལོར། གྲོང་ཚོ་ཡོངས་ཀྱི་ཐོན་ལས་ཁག་གི་སྤྱིའི་ཡོང་འབབ་སྒོར་ཁྲི་339ཟིན་ཡོད་པ་རེད། 2018ལོའི་ཟླ་12ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉི་མ་དོན་གྲུབ་ལ་བསྒྱུར་བཅོས་ཀྱི་གདོང་ལེན་པའི་མཚན་སྙན་དང་། བསྒྱུར་བཅོས་ཀྱི་གདོང་ལེན་པའི་གཟེངས་རྟགས་སྤྲད་ཡོད། ཁོང་ད་དུང་“བོད་ལྗོངས་འབྲོག་ཁུལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་པ་"ཞེས་པར་དཔྱད་འདེམས་བྱས་ཡོད།