འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་4ཉིན།

༄༅།།བོད་ལྗོངས་ལྷ་སས་སློབ་གྲྭ་ཆེ་མོ་བ་དང་ཞིང་འབྲོག་པའི་ལས་ཞུགས་ལས་གཏོད་ལ་ཕན་འབྲས་
ཐོན་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། 2019ལོར་ལྷ་ས་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། སྒྲོག་འགྲེལ་གྱི་ཁྲིད་སྟོན། རྩལ་ནུས་གསོ་སྦྱོང་། རྣམ་གྲངས་དང་ལས་གྲྭ་འབྲེལ་མཐུད་སོགས་བྱེད་ཐབས་མང་པོ་སྤྱད་དེ་ལས་ཞུགས་བརྟན་པོ་དང་རྒྱ་ཆེན་པོ་ཡོང་བ་བྱས་པས་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་1.31ཟིན་ཡོད་པ་རེད། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་96.3%ཟིན་པ་དང་ཞིང་འབྲོག་པ་ཁྲི་7.47ལས་ཞུགས་གཞན་སྒྱུར་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་5.93བྱུང་ཡོད་པ་རེད།
    འདི་ནི་གསར་འགོད་པར་ཚེས་2ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
     ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མར་དམིགས་ནས་ལྷ་ས་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་རེ་ཞུའི་དོ་དམ་བྱ་ཐབས་དང་རང་བརྟེན་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་གྱི་ཉེན་ཁའི་ཐེབས་རྩའི་དོ་དམ་བྱ་ཐབས་བཟོས་པ་དང་བྱ་དགའ་དང་། རོགས་སྐྱོར། ཁ་གསབ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཡོད། འདི་ལོ་ཚུན་དུ་མི་794ལ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་2722སྤྲད་པ་དང་། མི་44ལ་ལས་གཏོད་བྱ་དགའི་དངུལ་སྒོར་ཁྲི་40.4སྤྲད་པ། མཐོ་སློབ་སློབ་ཐོན་སློབ་མ་5ལ་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི་150བཏང་བ་བཅས་རེད།
     དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས་ད་དུང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། བོད་དུ་བཅའ་སྡོད་ཁེ་ལས། གཞུང་ཁོངས་ཁེ་ལས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་བཅས་དང་མཐུན་སྦྱོར་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་7300ལྷག་ཙམ་མཁོ་འདོན་བྱས་པ་དང་། གྲོང་ཚོའི་ལས་རོགས་དང་། གཞི་རིམ་བུ་བཅོལ་ཁང་གི་དགེ་རྒན། སྨན་དོན་མི་སྣ་སོགས་ཀྱི་ལས་གནས་870ལྷག་ཙམ་མཁོ་འདོན་བྱས་པ་རེད།
     ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོ་ནེང་ཧྲེང་གིས་འདི་ལོ་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་ཐུབ་པའི་མི་གྲངས་ཀྱིས་ལས་ཞུགས་ཐུབ་པའི་མི་འབོར་གྱི་78%བཟུང་བ་དེ་2018ལོ་ལས་བརྒྱ་ཆའི་གྲངས་12འཕར་ཡོད། དེ་ཐོག་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལྟ་བ་རིམ་བཞིན་ལེགས་སུ་ཕྱིན་ནས་ལྷ་སའི་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།