འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་4ཉིན།

༄༅།།མཚོ་སྔོན་གྱིས་དབུལ་སྐྱོར་ལས་དོན་ཁྲོད་གཞུང་ལས་པས་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་
ལས་རྙོག་བཟོས་པའི་དཔེ་མཚོན་གྱོད་དཔེ་ཁག་གསུམ་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་04ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། སློབ་གསོ་དང་ཉེན་བརྡའི་ནུས་པ་འདོན་སྤེལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཚེས་28ཉིན་དབུལ་སྐྱོར་ལས་དོན་ཁྲོད་གཞུང་ལས་པས་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོས་པའི་དཔེ་མཚོན་གྱོད་དཔེ་ཁག་གསུམ་བརྡ་ཁྱབ་བཏང་བ་རེད།
     མཚོ་སྔོན་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་སྒྲིག་འགལ་ངང་ཉ་གྲོང་ཡུལ་གཞན་དུ་སྤོས་པའི་གནད་དོན། 2017ལོ་དང་2018ལོར་ཁྲི་ཀ་རྫོང་གིས་གོང་རིམ་གཙོ་འགན་དོ་དམ་སྡེ་ཚན་གྱི་ཞིབ་མཆན་མ་ཐོབ་པར་ཉ་གྲོང་ཡུལ་གཞན་དུ་སྤོ་བའི་རྣམ་གྲངས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱིས་རྣམ་གྲངས་དེ་ཡུལ་གཞན་དུ་གནས་སྤོ་བའི་སྲིད་ཇུས་ཀྱི་གཏན་འབེབས་དང་མི་མཐུན་པས་དུས་བཀག་ལྟར་དག་ཐེར་བྱེད་དགོས་ལུགས་ཁ་གསལ་བཏོན་པའི་གནས་ཚུལ་འོག་སྔར་བཞིན་རྣམ་གྲངས་ལག་བསྟར་བྱས་པའི་དབང་གིས་རྣམ་གྲངས་ཀྱི་མ་དངུལ་མི་འདང་རྐྱེན་གྲོང་མིར་ཁ་གསབ་རོགས་དངུལ་གྱི་ཁས་ལེན་ལག་བསྟར་མ་ཐུབ་སྟབས་ཤུགས་རྐྱེན་ངན་པ་བཟོས་ཡོད། 2019ལོའི་ཟླ་6པར་སྐབས་དེ་དུས་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་བཞིན་པའི་ཀུའོ་ཕུའུ་ཤན་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་དོན་གྱི་གོ་གནས་འབེབས་པའི་ཆད་པ་བཅད་པ་དང་། ལས་འགན་ཁག་བགོས་དོ་དམ་གྱི་རྫོང་དཔོན་གཞོན་པ་མཱ་ཀྲི་མིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ། རྫོང་དཔོན་རྣམ་ལྷར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་གྲུབ་ཆེན་ཤང་གིས་སྒྲིག་འགལ་ངང་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་པའི་གནད་དོན། 2016ལོར་གྲུབ་ཆེན་ཤང་གིས་གྲུབ་ཆེན་གྲོང་ཚོའི་དབུལ་སྐྱོར་ཐོན་ལས་ཀྱི་ཕྱུགས་ཟོག་ཉོ་བའི་རྣམ་གྲངས་ལག་བསྟར་བྱེད་རིང་། གོང་རིམ་གཙོ་འགན་དོ་དམ་སྡེ་ཚན་གྱི་ཞིབ་མཆན་མ་ཐོབ་པར་རང་དགར་རྣམ་གྲངས་ལག་བསྟར་གྱི་ཇུས་གཞིར་འགྱུར་ལྡོག་བཏང་བ་དང་། རྣམ་གྲངས་ཀྱི་ནོར་དོན་དོ་དམ་ལམ་ལུགས་ལ་མ་གཞིགས་པར་རྩིས་ཁྲ་བཟོས་ཏེ་དངུལ་སྨར་ཐོག་ནས་ཕྱུགས་ཟོག་ཉོ་བའི་དངུལ་སྤྲད་པ་དང་། རྣམ་གྲངས་ཞིབ་བཤེར་རྩིས་ལེན་ཕྱི་ཚུལ་ཙམ་ཡིན་པ། ཕྱུགས་ཟོག་ཉོ་བའི་རྣམ་གྲངས་ཀྱི་ཡིག་ཚགས་རྫུས་མ་བཟོས་ཏེ་སྐོར་གཟིགས་དང་སྐོར་ཞིབ་བྱ་རྒྱུར་ཁ་གཏད་བཅག་པ་རེད། 2019ལོའི་ཟླ་9པར་གྲུབ་ཆེན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཡུམ་སྐྱབས་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་། སྐབས་དེ་དུས་ཀྱི་ཤང་ཀྲང་གཞོན་པ་སྐར་མ་མཚོ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧུང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
      མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་དབུལ་སྐྱོར་གསར་སྤེལ་ཅུས་ཐོན་ལས་གཞུང་དོན་ཁང་གི་དེ་སྔའི་ཀྲུའུ་རེན་ཀུའོ་ཝེ་ཡིས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱེད་རིང་འགན་འཛོལ་དང་འགན་ཤོར་གྱི་གནད་དོན། 2015ལོར་ཀུའོ་ཝེས་གྲོ་ཚང་ཆུས་ཀྱི་སེ་རྒྱུ་ལྡན་པའི་སྒོག་པའི་ཐོན་ལས་གླིང་གི་ཚན་རྩལ་དབུལ་སྐྱོར་རྣམ་གྲངས་ཀྱི་ཞིབ་མཆན་འགག་སྒོ་ནན་པོ་མ་བསྲུངས་བ་དང་། རྣམ་གྲངས་ཀྱི་ལག་བསྟར་བྱེད་པོ་གསལ་པོ་མེད་པ། རྣམ་གྲངས་ཞིབ་བཤེར་རྩིས་ལེན་ཕྱི་ཚུལ་ཙམ་ཡིན་པ་བཅས་ཀྱི་དབང་གིས་དབུལ་སྐྱོར་ཞིང་ལས་རྒྱུ་ཆ་བེད་མེད་དུ་ལུས་ནས་དོན་དངོས་ཀྱི་ཕན་འབྲས་ཐོན་མེད། 2019ལོའི་ཟླ་4པར་ཀུའོ་ཝེར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།