འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎ཆི་ལིའི་བྱང་རྒྱུད་ཀྱི་རྒྱང་རིང་འགྲུལ་སྐྱེལ་རླངས་འཁོར་ཞིག་རི་ཁུག་ཏུ་ལྷུངས་ནས་མི་21རྐྱེན་ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་ཆི་ལིའི་རྒྱལ་ཁབ་ཛ་དྲག་ལས་དོན་གཞུང་ལས་ཁང་གིས་ཆི་ལིའི་བྱང་རྒྱུད་ཀྱི་ཨན་ཐུའོ་ཧྥ་ཅ་སི་ཐ་ཁུལ་ཆེན་མོར་ཚེས་1ཉིན་གྱི་མཚན་མོ་རྒྱང་རིང་འགྲུལ་སྐྱེལ་རླངས་འཁོར་ཞིག་རི་ཁུག་ཏུ་ལྷུངས་བའི་དོན་རྐྱེན་བྱུང་ནས་མི་21རྐྱེན་ལམ་དུ་ཤོར་བ་དང་མི་21ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད། 
     ཆི་ལིའི་རྒྱལ་ཁབ་ཛ་དྲག་ལས་དོན་གཞུང་ལས་ཁང་གིས་བརྡ་ཁྱབ་སྤེལ་ནས་ཚེས་1ཉིན་གྱི་ཆུ་ཚོད་23ཙམ་ལ་རྒྱང་རིང་འགྲུལ་སྐྱེལ་རླངས་འཁོར་ཉིས་བརྩེགས་ཅན་ཞིག་ཨན་ཐུའོ་ཧྥ་ཅ་སི་ཐ་ཁུལ་ཆེན་མོར་སྐྱོད་སྐབས་གློ་བུར་དུ་སྒྲོམ་སྐྱོར་ལས་བརྒལ་ནས་གཞུང་ལམ་འགྲམ་གྱི་སྨི་ཉི་ཤུ་སུམ་ཅུ་ཙམ་ཡོད་པའི་རི་ཁུག་ཏུ་ལྷུངས་པ་རེད། དོན་རྐྱེན་ཁྲོད་མི་21རྐྱེན་ལམ་དུ་ཤོར་བ་དང་མི་21ལ་རྨས་སྐྱོན་ཕོག་ཡོད། 
     ཆི་ལིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དོན་རྐྱེན་བྱུང་སྐབས་རྒྱང་རིང་འགྲུལ་སྐྱེལ་རླངས་འཁོར་ཐོག་འགྲུལ་པ་50ཙམ་ཡོད་པ་རེད། དོན་རྐྱེན་བྱུང་ཡུལ་ནི་དབེན་གནས་ཤིག་ཡིན་ལ། ས་བབ་རྙོག་འཛིང་ཆེ་བ་དང་། འཕྲིན་གཏོང་བརྡ་རྟགས་མེད་པ་བཅས་ཀྱིས་རོགས་སྐྱོབ་ལས་དོན་ལ་དཀའ་ངལ་བཟོས་ཡོད། 
     ས་གནས་དེ་གའི་དཔོན་རིགས་ཀྱིས་དོན་རྐྱེན་གྱི་རྒྱུ་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བརྗོད།