འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་3ཉིན།

༄༅༎ནོར་པའེ་ཁེ་ལི་ཡིས་སྒོར་ཁྲི་7910ལྷག་ཙམ་ལྐོག་རྔན་བླངས་པས་ཚེ་བཙོན་གྱི་ཉེས་ཆད་བཅད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་03ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། 2019ལོའི་ཟླ་12ཚེས་2ཉིན། ལིའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ནོར་པའེ་ཁེ་ལི་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ཞུ་སྦྱོར་ཕྱི་མ་ནོར་པའེ་ཁེ་ལི་ལ་ལྐོག་རྔན་བླངས་པ་ཉེས་མིང་ཐོག་ནས་ཚེ་བཙོན་གྱི་ཉེས་ཆད་གཅོད་པ་དང་། ཚེ་གང་པོར་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་གཏོང་བ། ནོར་པའེ་ཁེ་ལི་ཡིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པ་ལས་ཐོབ་པའི་བརྐུས་དངུལ་དང་དེའི་སྐྱེད་འཕེལ་སྐྱེད་ཀ་བདའ་འདེད་བཏང་ནས་རྒྱལ་མཛོད་ནང་འཇུག་པ་བཅས་ཀྱི་ཁྲིམས་ཆད་བཅད་པ་རེད། ནོར་པའེ་ཁེ་ལི་ཡིས་ཁྲིམས་རའི་ཡུལ་དངོས་སུ་བཅད་ཁྲ་ལ་བརྩི་བཀུར་ཞུས་ནས་གོང་གཏུག་མི་བྱེད་ཟེར། 
     ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བར་ལྟར་ན། 1998ལོ་ནས་2018ལོའི་བར་ཞུ་སྦྱོར་ཕྱི་མ་ནོར་པའེ་ཁེ་ལི་ཡིས་ཀྲུང་གུང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཝུའུ་ལུམ་ཆིའི་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཀྲུང་གུང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་ཚབ་ཀྲུའུ་ཞི་དང་ཀྲུའུ་ཞི། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་སོགས་ཀྱི་གོ་གནས་ཐད་ཀྱི་སྟབས་བདེའམ་ཡང་ན་འགན་དབང་དང་གོ་གནས་ཐད་བྱུང་བའི་མཐུན་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ལས་གྲྭ་འགན་གཙང་ལེན་པ་དང་། ཐོན་རྫས་ཁྱབ་གདལ་གཏོང་བ། གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པ་སོགས་ཀྱི་དོན་གནད་ཐད་རོགས་རམ་བྱས་པ་དང་། ཐད་ཀར་རམ་མི་གཞན་བརྒྱུད་གོང་གསལ་ཚན་པ་དང་མི་སྒེར་གྱིས་སྤྲད་པའི་རྒྱུ་ནོར་ཁྲིམས་འགལ་ངང་བླངས་པར་མི་དམངས་ཤོག་སྒོར་ཁྱོན་ཁྲི་7910ལྷག་ཙམ་ཟིན་ཡོད་པ་རེད། 
     ཧྲེན་དབྱང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ནོར་པའེ་ཁེ་ལི་ཡི་བྱེད་སྤྱོད་ཀྱིས་ལྐོག་རྔན་བླངས་པའི་བྱས་ཉེས་གྲུབ་པ་དང་གྲངས་འབོར་ཧ་ཅང་ཆེ་བས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས་པ་རེད། ནོར་པའེ་ཁེ་ལི་ཡིས་གྱོད་གཞི་ཐོན་རྗེས་རང་འགུལ་ངང་ལྟ་ཞིབ་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་མེད་པའི་ཉེས་གསོག་དོན་དངོས་མང་ཆེ་བ་རྩིས་སྤྲོད་བྱས་ནས་རང་ཉིད་ཀྱི་ཉེས་པ་ཇི་བཞིན་ངོས་ལེན་ཞུས་པ་དང་། རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། ཧུར་ཐག་གིས་བརྐུས་ནོར་ཕྱིར་སློག་བྱས་པ་མ་ཟད། གྱོད་གཞི་དང་འབྲེལ་བ་ཡོད་པའི་བརྐུས་དངུལ་མང་ཆེ་བ་བདའ་འདེད་གཏོང་བ་བཅས་བྱས་པར་དམིགས་ནས། ཁྲིམས་བཀོད་དང་བབ་བསྟུན་ངང་ཉེས་ཆད་ཡང་བཟོས་ཀྱི་གནས་ཚུལ་ལྡན་ཞིང་། ཁྲིམས་ལྟར་ཡང་བཟོས་ཀྱི་ཉེས་ཆད་བཅད་ཆོག་པར་བརྟེན།  ཁྲིམས་ཁང་གིས་གོང་གསལ་གྱི་བཅད་ཁྲ་བཏང་བ་རེད།